[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།
  • གསར་འགྱུར་ཡིག་སྒྱུར་ཁྲོད་ཐ་སྙད་གསར་པ་བསྒྱུར་བའི་བརྒྱུད་རིམ་སྐོར་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-29

    སྤྱི་ཚོགས་གོང་དུ་འཕེལ་བ་དང་འཛམ་གླིང་ཧྲིལ་པོའི་འགྲོ་འོང་ཟམ་མི་ཆད་པར་ཆེ་རུ་འགྲོ་བ་དང་བསྟུན་ནས། རིག་གནས་སྤེལ་རེས་སོགས་ཀྱི་བྱ་གཞག་ཉིན་རེ་ལས་མ་འདས་པར་གོང་འཕེལ་བྱུང་བ་དང་སྦྲགས། ཐ་སྙད་གསར་པ་འབོར་ཆེན་ཞིག་ཐོན་དང་ཐོན་མུས་ལགས། ཐ་སྙད་གསར་པ་དེ་དག་རང་མི་རིགས་ཀྱི་བརྡ་སྤྲོད་རིགས་པའི་གཞུང་དང་ཐ་སྙད་སྒྱུར་བའི་རྩ་དོན་ཏེ། དང་པོ་མིང་དུ་སྒྲུབ་པ་དང་། གཉིས་པ་ངག་གི་བརྗོད་པ་བདེ་བ། གསུམ་པ་དངོས་པོ་ངོས་འཛིན་བདེ་བ་བཅས་གཞིར་བཟུང་ནས་སྒྱུར་བཟོ་བྱེད་བཞིན་ཡོད།

    དེ་ཡང་བྱེ་བྲག་གསར་འགྱུར་ནི་རིག་ཚན་སྣ་མང་འདུས་པའི་ཤེས་བྱའི་རྒྱ་མཚོ་ལྟ་བུ་ཞིག་ཡིན་ཞིང་། དེའི་ནང་དུ་ཆབ་སྲིད་དང་། དཔལ་འབྱོར། སློབ་གསོ། ཁྲིམས་ལུགས། ཚན་རྩལ། དམག་དོན། འཕྲོད་བསྟེན་སོགས་ཀྱི་ནང་དོན་མ་ཚང་བ་མེད་གཤིས། གསར་འགྱུར་ཡིག་སྒྱུར་གྱི་བགྱི་བ་དོན་དུ་གཉེར་བའི་སྔ་ཕྱི་བར་གསུམ་དུ། ལོ་ཙཱ་བ་རང་ཉིད་ལ་ཤེས་རྒྱ་ཧ་ཅང་ཆེན་པོ་ཡོད་དགོས་པ་ཨ་ཅང་བརྗོད་མེད་ལགས། དེ་ཡང་ནམ་རྒྱུན་ང་ཚོས་ལོ་ཙཱ་བར་ཨམ་ཐང་གཉིས་དང་ཆབ་ཆོབ་བཅོ་བརྒྱད་མ་ཤེས་ན་མི་འགྲིག་ཟེར་དོན་ཡང་། རིག་ཚན་ཚང་མ་དང་འབྲེལ་བ་ཡོད་པའི་དེའི་ཁྱད་ཆོས་ལ་དམིགས་ནས་བརྗོད་པ་ཡིན། རིག་ཚན་སྣ་མང་འདུས་པ་དང་ཕྱོགས་ཀུན་དང་འབྲེལ་བའི་རྐྱེན་གྱིས་དེ་བས་གསར་འགྱུར་ཡིག་སྒྱུར་གྱི་བརྒྱུད་རིམ་ནང་། ལོ་ཙཱ་བར་མིང་བརྡ་གསར་པ་གང་མང་འཕྲད་སྲིད་པ་དང་འཕྲད་ངེས་ཡིན་ཞིང་། མིང་བརྡ་གསར་པ་དེ་རྣམས་རང་གི་སྐད་ལ་སྒྱུར་སྐབས། ཐོག་མར་ཇི་ལྟར་བསྒྱུར་དགོས་པ་དང་། བར་དུ་ཇི་ལྟར་ཚད་ལྡན་དང་གཅིག་གྱུར་བཟོ་དགོས་པ། མཐའ་མར་གཅིག་གྱུར་བཟོས་ཟིན་པ་རྣམས་རྒྱུན་ཆགས་སུ་སྤྱད་ནས་ཁྱབ་གདལ་ཇི་ལྟར་གཏོང་དགོས་པའི་འགན་འཁྲི་ཞིག་ལོ་ཙཱ་བ་ཚང་མའི་ཕྲག་ཐོག་ཏུ་ལྷུངས་ཡོད།

    དང་པོ། ཐོག་མར་ཇི་ལྟར་བསྒྱུར་དགོས་པའི་སྐོར།

    གསར་འགྱུར་ཡིག་སྒྱུར་ལ་དུས་ཚོད་ཀྱི་ཚད་བཀག་རང་བཞིན་ཆེན་པོ་ལྡན་ཞིང་། ད་ལྟའི་གསར་འགྱུར་དེ་མ་ཉིད་དུ་མ་བསྒྱུར་ན། རྙིང་པ་ཆགས་ནས་དེའི་རིན་ཐང་བརླགས་འགྲོ་བས། གསར་འགྱུར་ཡིག་སྒྱུར་གྱི་བརྒྱུད་རིམ་ནང་། ད་ལྟ་འཕྲད་པའི་བརྡ་ཆད་དང་ཐ་སྙད་གསར་པ་བཀས་བཅད་ཀྱི་འབྲས་བུ་ལག་ཏུ་མ་སོན་གོང་ནས་སྐབས་འཕྲལ་གྱི་བཀས་བཅས་བྱེད་དགོས། དེ་ནི་བཀས་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་ལས་བཀས་བཅས་ཀྱི་ཐོག་མའི་དུས་རིམ་དུ་ངོས་འཛིན་ཆོག

    སྐབས་འཕྲལ་བཀས་བཅས་དེ་ཡང་། ལོ་ཙཱ་བ་སུ་དང་གང་གི་འདོད་བློ་བཞིན་སྣང་བ་གང་དྲན་དུ་བསྒྱུར་ཆོག་པ་ཞིག་མ་ཡིན་པར། ལོ་ཙཱ་བ་རང་གིས་བརྡ་ཆད་དང་ཐ་སྙད་གསར་པ་གང་དེའི་དོན་སྙིང་དང་རྒྱབ་ལྗོངས་ལ་གོ་བ་གཏིང་ཟབ་བླངས་པའི་རྨང་གཞིའི་ཐོག བོད་སྐད་ཀྱི་ཁྱད་ཆོས་དང་མཐུན་པའི་ཐ་སྙད་ཅིག་ལ་སྦྱོར་གང་ཐུབ་དང་། ཡང་ན་བོད་སྐད་ཀྱི་བརྡ་སྤྲོད་ལུགས་དང་མཐུན་པའི་ཐ་སྙད་གསར་པ་ཞིག་ལ་ཕབ་ནས། ཡིག་སྒྱུར་ཚན་པ་གང་དེའི་བསླབ་པ་རྒན་གྲས་ལ་གྲོས་འདྲི་བ་དང་། ཁྱབ་ཁོངས་དེའི་ནང་གི་མིང་དུ་གྲགས་པའི་ལོ་ཙཱ་བར་བཀའ་འདྲི་ཞུས་རྗེས། ཡིག་སྒྱུར་ཚན་པའི་ཞུས་ཆེན་ཁང་ནས་གྲོས་བསྡུར་གཏན་འཁེལ་བྱུང་རྗེས་གནས་སྐབས་གཏན་ལ་ཕབ་ནས། རེ་ཞིག་ཐ་སྙད་དེ་དེ་ལྟར་དུ་བསྒྱུར་དགོས་པའི་བཀས་བཅས་བྱེད་པ་ཡིན། དེས་ཁྱབ་ཁོངས་ངེས་ཅན་ཞིག་ནང་ཐོག་མའི་ཚད་ལྡན་དང་གཅིག་གྱུར་གྱི་རྨང་གཞི་འདིང་ཐུབ་ལ། ཐ་སྙད་ཆེད་ལས་ཡིག་སྒྱུར་ཚན་པ་ཞིག་གི་སྣེ་ཁྲིད་དང་མིག་དཔེའི་ནུས་པ་འདོན་སྤེལ་ཐུབ་ངེས།

    གོ་རིམ་དེ་ནི་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་བོད་ཡིག་རྩོམ་སྒྲིག་པུའི་བརྡ་ཆད་དང་ཐ་སྙད་གསར་པ་ཐོག་མར་ཇི་ལྟར་བསྒྱུར་བའི་གོ་རིམ་རགས་པ་ཞིག་ཡིན་ཞིང་། དེ་བཞིན་དུ་རྩོམ་སྒྱུར་ཅུས་དང་། བརྙན་འཕྲིན་ལས་ཁུངས། བསླབ་གཞི་རྩོམ་སྒྱུར་ཅུས་སོགས་འབྲེལ་ཡོད་ཚན་པས་ཀྱང་བོད་ཡིག་བཀས་བཅད་ཨུ་ཡོན་ལྷན་ཁང་གིས་དངོས་སུ་བཀས་བཅས་མ་བྱས་གོང་སྒྱུར་དགོས་རིགས་ཀྱི་ཐ་སྙད་ཡིན་ཕྱིན། རང་རང་སོ་སོའི་ལས་སྒོའི་ཁྱད་ཆོས་དང་བསྟུན་ནས་ཐབས་དང་རྩལ་རེ་སྤྱད་ནས་སྒྱུར་བཞིན་ཡོད་ལ། དེ་ནི་ཡོངས་སུ་གཅིག་གྱུར་མ་བྱས་གོང་གི་ཐོག་མའི་སྟ་གོན་ནམ་རྨང་གཞི་འདིང་བ་ཞིག་ཡིན། བཀས་བཅས་ཨུ་ལྷན་ནས་བཀས་བཅས་གཏན་འཁེལ་བྱེད་སྐབས། ཐ་སྙད་གསར་པ་གང་ཞིག་ལ་ཐོན་པའི་སྒྱུར་སྣ་མང་ལ་རིགས་པས་བརྡར་ཤ་བཅད་རྗེས། ཀུན་གྱི་བློ་གྲོས་གཅིག་ཏུ་བསྡུས་ནས་གང་ལ་དེ་འཚམ་ཞིག་གཏན་འཁེལ་བྱེད་པ་ཡིན།

    ཆེད་དུ་དོ་སྣང་བྱེད་དགོས་པར། ས་པཎ་གྱི་མཁས་མཇུག་ཏུ། བརྡ་སྤྲོད་པའི་མཁས་པ་དག་གིས། བརྡ་གསར་པ་མ་སྦྱར་ན་དོན་མི་འགྲུབ་པར་མཐོང་ན་གསར་པ་སྦྱར་བ་མི་འགལ་མོད། འོན་ཀྱང་དགོས་པ་ཆུང་ངུ་ལ་བརྡ་གསར་པ་མི་སྦྱར་ཏེ། མ་རྟོགས་པ་དང་། ལོག་པར་རྟོགས་པ་དང་། ཐེ་ཚོམ་གྱི་རྒྱུ་ཡིན་པའི་ཕྱིར་ཞེས་ནན་བཤད་གནང་ཡོད་ཅིང་། དེའི་གནད་འགག་གམ་བླང་བྱ་ནི། ད་ལྟ་རང་གི་མཐོང་ཡུལ་དུ་གྱུར་པའི་བརྡ་ཆད་གསར་པ་གང་དེར་དེ་དང་དོན་འཚམ་པའི་ཐ་སྙད་གཅིག་ཡོད་མེད་ལ་བསམ་གཞིག་གི་ཁ་ལོ་མ་བསྐོར་བར། ལམ་སེང་ཚིག་དོན་བཀྲལ་ནས་རང་རེའི་སྐད་ཀྱི་ཐ་སྙད་གསར་པ་ཞིག་ལ་འགྱུར་གང་ཐུབ་བྱེད་པའི་བྲེལ་འཚུབ་ཀྱི་ཆ་དེར་བཀག་བྱ་བྱས་ཡོད། དཔེར་ན། 火车ཞེས་པ་ལྟ་བུའི་ཐ་སྙད་ལ་མཚོན་ན། དབུས་གཙང་ཁུལ་དུ་རི་ལི་ཞེས་ཅུང་རྒྱུན་འཇགས་སུ་སོང་ཟིན་པ་ལ། ཚིག་དོན་བཀྲལ་ནས་མེ་འཁོར་ཞེས་སྒྱུར་དགོས་དང་མི་དགོས། སྒྱུར་གང་ཞིག་ཡང་དག་པ་ཡོད་མེད། སྒྱུར་གང་ཞིག་ཁྱབ་གདལ་ཆེ་བ་ཡོད་མེད་ལ་མནོ་བསམ་དང་གྲོས་བསྡུར་བྱེད་དགོས་པ་བསྟན་ཡོད།

    གཉིས་པ། བར་དུ་ཇི་ལྟར་ཚད་ལྡན་དང་གཅིག་གྱུར་བཟོ་དགོས་པའི་སྐོར།

    སྐབས་སུ་བབས་པར་མིང་བརྡའམ་ཐ་སྙད་གསར་པ་དག་ཇི་ལྟར་བྱས་ནས་གཅིག་གྱུར་ཡོང་བའི་ཐབས་ལ་འབད་དགོས་པའི་སྐོར་ལས་འཕྲོས་ན། སྐད་ཡིག་གང་གི་ནང་དུ་ཡང་། སྔར་མེད་ཀྱི་བརྡ་ཆད་གསར་པ་ཇེ་མང་དུ་སོང་བ་དང་བསྟུན་ནས། བརྡ་ཆད་ཐ་སྙད་དེ་དག་ཡིག་སྒྱུར་གྱི་ལམ་བུ་བརྒྱུད། ཚིག་མཛོད་ཀྱི་རྣམ་པའི་ཐོག་ནས་གཏན་འཁེལ་བྱུང་ཡོད་ཅིང་། རང་རེ་བོད་ཀྱི་ཡིག་སྒྱུར་གྱི་ལོ་རྒྱུས་ལ་ཕྱིར་ལྟ་བྱས་ན། དགོས་པའི་དབང་གིས་བཀས་བཅད་རིམ་པ་གསུམ་བྱས་ཡོད་པ་དང་། བོད་ལྗོངས་ས་ཁུལ་ལ་མཚོན་ན། དོན་གཉེར་བ་ཚང་མས་བརྡ་ཆད་ཐ་སྙད་ཚད་ལྡན་དང་གཅིག་གྱུར་ཡོང་བར་ཡང་འབད་བསྐྱར་འབད་བྱས་ཤིང་། 2005ལོར་བོད་ཡིག་བཀས་བཅད་ཨུ་ཡོན་ལྷན་ཁང་དངོས་སུ་བཙུགས་ནས། བརྡ་ཆད་དང་ཐ་སྙད་གསར་པ་དག་རེ་རེ་བཞིན་ཡིག་སྒྱུར་ལག་ལེན་གྱི་གོ་རིམ་བཞིན་གཏན་ལ་ཕབ་ཡོད་པ་མ་ཟད། བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་གཞུང་ལས་ཁང་གིས་རྩོམ་སྒྲིག་བྱས་པའི《བོད་སྐད་ཡིག་ལས་དོན》དུས་དེབ་ནང་། དུས་ཚོད་སྔ་ཕྱིའི་གོ་རིམ་བཞིན་འགྲེམས་སྤེལ་མཛད་ཡོད་པས། ལོ་ཙཱ་བས་གཅིག་གྱུར་བཟོས་ཟིན་པ་རྣམས་ལག་ལེན་ནང་དངོས་སུ་སྤྱད་དེ། དེ་ཉིད་ཁྱབ་གདལ་དང་གཅིག་གྱུར་ཡོང་ཆེད་འབད་བརྩོན་བྱ་རྒྱུ་ནི་དོན་གྱི་དམ་པ་ལགས།

    ཐ་སྙད་གསར་པ་དེ་རྣམས་ཐོག་མར་ཇི་ལྟར་བསྒྱུར་བའི་སྐོར་ཆེ་ལོང་ཙམ་གོང་དུ་གླེང་བ་ལྟར་ཡིན་ཞིང་། བར་དུ་ཇི་ལྟར་ཚད་ལྡན་དང་གཅིག་གྱུར་བཟོ་བའི་བརྒྱུད་རིམ་ནི་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་གཞུང་ལས་ཁང་གིས་འབྲེལ་ཡོད་ཚན་པའི་ཆེད་ལས་མཁས་དབང་སྒྲིག་འཛུགས་ཀྱིས་ཐ་སྙད་གསར་པ་ཁག་གཅིག་ལ་བཀས་བཅད་བྱེད་པའི་ཚོགས་འདུ་སྐོང་ཚོགས་བྱེད་པ་དང་། བཀས་བཅས་ཚོགས་འདུར་ཞུགས་མཁན་དུ་བོད་རང་སྐྱོང་ལྗོངས་ཏང་ཨུད་དོན་གཅོད་ཐིང་དང་། ལྗོངས་མི་དམངས་འཐུས་ཚོགས་དོན་གཅོད་ཐིང་། ལྗོངས་སྲིད་གཞུང་དོན་གཅོད་ཐིང་། ལྗོངས་སྲིད་གྲོས་དོན་གཅོད་ཐིང་། ལྗོངས་ཏང་གི་སློབ་གྲྭ ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། བོད་ལྗོངས་སློབ་ཆེན། ལྗོངས་རྩོམ་སྒྱུར་ཅུས་སོགས་འབྲེལ་ཡོད་ཚན་པའི་ཆེད་ལས་མཁས་པ་དང་རྐང་འཛིན་པ་དུ་མ་ཡོད། བཀས་བཅད་ཐ་སྙད་གཅིག་གྱུར་ཡོང་ཆེད། བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་ལྗོངས་ཡོངས་ཀྱི་ས་གནས་དང་གྲོང་ཁྱེར་ཁག་གི་ཡིག་སྒྱུར་ཚན་པ་དང་། ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པ་སོགས་ལ་དུས་ཐོག་ཏུ་རྒྱ་བོད་ཤན་སྦྱར་ལམ་ནས་འགྲེམས་སྤེལ་བྱེད་པ་ཡིན།

    གསུམ་པ། མཐའ་མར་གཅིག་གྱུར་བཟོས་ཟིན་པ་རྣམས་ཇི་ལྟར་རྒྱུན་ཆགས་སུ་སྤྱད་ནས་ཁྱབ་གདལ་གཏོང་དགོས་པའི་སྐོར།

    དེ་ཡང་ཐ་སྙད་ལ་ནི་མ་བརྟེན་པར། དམ་པའི་དོན་ནི་རྟོགས་མི་ནུས་ཞེས་གསུངས་པ་ལྟར། བསྟན་བྱའི་དོན་གྱི་གནད་མ་འཁྲུལ་མ་ལོག་མ་ནོར་བར་གོ་བ་ལེན་པར་ཐ་སྙད་ལ་མ་བརྟེན་ཐབས་མེད་ཡིན་ཞིང་། ཐ་སྙད་གསར་པ་ཐོག་མར་ཇི་ལྟར་བསྒྱུར་བའི་གནས་སྐབས་སུ། སྒྱུར་ཕྱི་དྲག་པ་དང་། སྒྱུར་ཐལ་ཤོར་བ། གཅིག་གྱུར་མ་བྱུང་བ་སོགས་ཀྱི་སྐྱོན་ཆ་ལྷགས་མུས་ཡིན། བར་དུ་ཐ་སྙད་གསར་པ་དག་ཇི་ལྟར་ཚད་ལྡན་དང་གཅིག་གྱུར་ལ་བཀས་བཅས་རྗེས། མཐའ་མར་གཅིག་གྱུར་བཟོས་ཟིན་པ་རྣམས་རྒྱུན་ཆགས་སུ་སྤྱད་ནས་ཁྱབ་གདལ་ཇི་ལྟར་གཏོང་བའི་གནས་སྐབས་སུ། དོན་གཉེར་བ་ཚང་མས་དེ་དེ་བཞིན་དུ་བེད་སྤྱོད་པ་ལས། སྒྱུར་ཉེས་པར་སྨྲ་བ་དང་། རང་འདོད་བཞིན་སྒྱུར་བ་སོགས་ཀྱི་ལྟ་བ་མཁྲེགས་བཟུང་བྱེད་པ་ནི་ཐ་སྙད་གསར་པ་གཅིག་གྱུར་མི་ཡོང་བའི་རྒྱུ་རྐྱེན་གཙོ་བོ་དེ་ལཌ།

    ཉེ་བའི་ལོ་ཤས་ནང་། རྒྱ་བོད་ཡིག་སྒྱུར་བྱ་གཞག་གོང་འཕེལ་ཆེན་པོ་བྱུང་ནས་བསྒྱུར་ཡིག་མང་དག་ཅིག་ཐོན་ཀྱང་རྒྱུ་རྐྱེན་སྣ་ཚོགས་ཀྱི་རྐྱེན་པས་བོད་ཀྱི་སྐད་དང་མི་མཐུན་པ་དང་ཐད་སྒྱུར་བྱས་དྲགས་པ། བསྒྱུར་ཡིག་གི་གོ་དོན་རྟོགས་དཀའ་བ་སོགས་ཀྱི་སྣང་ཚུལ་མི་ཉུང་བ་ཞིག་ཐོན་དང་ཐོན་མུས་སུ་མཆིས། ཡང་སྒོས་བཀས་བཅད་ཐ་སྙད་གཅིག་གྱུར་མ་སྤྱད་པ་ལས་བྱུང་བའི་སྐྱོན་གྱི་ཆ་ནི་མ་གླེང་ཐབས་མེད་ཅིག་ཏུ་གྱུར་ཡོད། ཅ་དངོས་གསར་པ་ཅི་འདྲ་ཞིག་ཡིན་རུང་། ཐོག་མར་ཐོན་སྐབས་དེར་བཀས་བཅད་བྱས་པའི་ཐ་སྙད་ཡོད་ཚད་གོ་བདེ་ཁ་གསལ་ཞིག་ཡོང་མི་སྲིད་ཀྱང་། འོན་ཀྱང་ཚགས་པར་དང་། དུས་དེབ། བརྙན་འཕྲིན། སྨྱན་སྦྱོར་གསར་པ་སོགས་ཀྱིས་མ་སྐུལ་དང་བླངས་སྒོས་སྤྱད་ཚེ། རིམ་བཞིན་གཅིག་གྱུར་དང་ཁྱབ་གདལ་འགྲོ་ངེས། དཔེར་ན། 微信ལ་འཕྲིན་ཕྲན་དང་ 二维码ལ་རྩ་གཉིས་རྟགས་རིས་ལ་སོགས་པ་མཁས་དབང་མང་པོས་མཉམ་དུ་གྲོས་བསྡུར་བྱས་ནས་ཐ་སྙད་གཅིག་འགྱུར་བྱས་པར་མ་བལྟོས་པར་རང་སྣང་གིས微信ལ་འཕྲིན་ཆུང་དང་སྐད་འཕྲིན་སོགས་ཀྱི་ཐ་སྙད་སྤྱོད་པ་ནི་དོན་གོ་ཆུང་། དེ་བས་སྤྱི་སྐད་གཅིག་གྱུར་དང་ཚད་ལྡན་ཡོང་བར་གེགས་དང་གནོད་བྱེད་ངེས།

    ཐ་སྙད་གསར་པ་བཀས་བཅས་བྱེད་པའི་དམིགས་ཡུལ་ནི་ཚད་ལྡན་ཡོང་ཆེད་དང་གཅིག་གྱུར་ཡོང་ཕྱིར་རེད། རྒྱལ་ཁབ་ཀྱི་མིང་དང་ས་མིང་ཇི་ལྟར་སྒྱུར་བ་ལ་ཡང་། ཚིག་མཛོད་དུ་སྒྲ་སྦྱོར་ཡི་གེའི་གྲུབ་སྟངས་གཞིར་བཟུང་བཀས་བཅས་བྱས་ཡོད་ཅིང་། བཀས་བཅས་དེ་ལྟར་དོན་དུ་འཁྱོལ་ན། ས་མིང་མི་མིང་གསར་པ་ཇི་ཙམ་ཐོན་རུང་། ཡུལ་དང་ལུང་པ་ཚང་མའི་སྒྱུར་དེ་གཅིག་གྱུར་ཡོང་ངེས་ལ། ཁྱབ་གདལ་དུ་མི་འགྲོ་བ་ག་ལ་སྲིད། ང་ཚོས་བཀས་བཅས་བྱས་ཏེ་གཅིག་གྱུར་ཟིན་པའི་ཐ་སྙད་རྣམས་རྒྱ་ཁྱབ་ཏུ་མི་སྤྱོད་པར་སླར་ཡང་མིང་གཞན་ཞིག་འདོགས་པ་ནི་དགོས་པ་ཆུང་ཞིང་། དོན་ལོག་ཏུ་འགྲོ་བའང་མང་། བཀས་བཅས་ཟིན་པའི་ཐ་སྙད་རྣམས་ཁྱབ་གདལ་གཏོང་བ་ནི་དེའི་རིན་ཐང་ཕྱིར་མངོན་པར་བྱེད་པའི་བགྱི་བ་གལ་ཆེན་ཞིག་ཏེ། རླུང་བརྙན་འཕྲིན་དང་ཚགས་པར་སོགས་སྨྱན་སྦྱོར་གྱི་བརྒྱུད་ལམ་དག་ནི་དེ་དག་ཁྱབ་གདལ་གྱི་ལམ་བུ་གཙོ་བོའམ་ཁྱབ་གདལ་གྱི་བརྒྱུད་རིམ་ནང་གཙོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་མུས་ལགས་ན། གསར་འགྱུར་ལས་དོན་པའང་གསར་འགྱུར་ལོ་ཙཱ་བ་དག་གིས་ཐ་སྙད་གསར་པ་ཕབ་སྒྱུར་གྱི་བརྒྱུད་རིམ་ལ་ནོར་འཁྲུལ་མེད་པ་དང་། བཀས་བཅས་བྱས་པའི་ཐ་སྙད་གསར་པ་དག་རྒྱུན་ཆགས་སུ་ཁྱབ་གདལ་གཏོང་བའི་འགན་འཁྲི་མ་བསྐུལ་དང་བླངས་ཀྱིས་ཁུར་དུ་བཞེས་ན། མིའི་རིགས་ཀྱི་རིག་གནས་ཐུན་མོང་ངང་མཉམ་སྤྱོད་དང་ཐུན་མོང་ངང་འཕེལ་རྒྱས་བཏང་སྟེ། མིའི་རིགས་ཀྱི་སྤྱི་ཚོགས་ཕྱོགས་ཡོངས་ནས་དཔལ་ཡོན་ལྡན་པ་ཞིག་ཏུ་བསྐྲུན་རྒྱུར་ཞབས་འདེགས་ཞུ་བའི་ཡིག་སྒྱུར་གྱི་དམིགས་ཡུལ་གཙོ་བོ་དེ་ཡང་ངང་གིས་གྲུབ་པ་ཡིན་ནོ།

    (བོད་ལྗོངས་ཉིན་རེའི་ཚགས་པར་ཁང་བོད་ཡིག་རྩོམ་སྒྲིག་ཁང་གི་ཉི་མ་ཚེ་རིང་གིས)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།