[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།
  • ཝུའུ་དབྱིང་ཅེས་གསར་དུ་བདམས་ཐོན་བྱུང་བའི་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་བཅུ་གཅིག་པའི་ཚན་ཁག་གི་ཁོངས་མིར་མཇལ་འཕྲད་གནང་སྐབས་བསྟན་དོན།

    རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས།

    ཆེ་དགྲ་ལྷ་དང་ཏིང་ཡེ་ཤན་ཚོགས་འདུར་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-24

    635303_yis_1561302745021_s.jpg

    ཚེས་22ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་གསར་དུ་བདམས་ཐོན་བྱུང་བའི་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་བཅུ་གཅིག་པའི་ཚན་ཁག་གི་ཁོངས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་འབྲེལ་ཁོངས་མི་རེ་རེ་བཞིན་ལ་ཕྱག་བཏང་གནང་བ།

    ཚེས་22ཉིན་གྱི་ཕྱི་དྲོར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་གསར་དུ་བདམས་ཐོན་བྱུང་བའི་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་བཅུ་གཅིག་པའི་ཚན་ཁག་གི་ཁོངས་མིར་མཇལ་འཕྲད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཡིག་ཆེ་མོ་བ་ལིའུ་ཅང་བཅས་ཕེབས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསྟན་ཁོས་གཙོ་སྐྱོང་གནང་བ་རེད།

    རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་གཏམ་བཤད་གནང་བ་རེད།

    ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་གསར་པའི་ཚན་ཁག་གི་ཁོངས་མིར་རྟེན་འབྲེལ་ཞུས་པ་དང་། ལྗོངས་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ་དང་། རྒྱ་ཆེའི་གྲྭ་བཙུན། དད་ལྡན་མང་ཚོགས་བཅས་ལ་ལྷག་བསམ་རྣམ་དག་ངང་འཚམས་འདྲི་ཞུས་པ་རེད།

    ཝུའུ་དབྱིང་ཅེས། མིག་སྔར་རང་ལྗོངས་འདི་ཉིད་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བཅས་ཀྱི་འགག་རྩའི་དུས་སྐབས་སུ་སླེབས་ཡོད། ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅིའི“ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་སྐུ་ཡོན་ཆེ་བ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་ནུས་པ་ཐོན་པ”བཅས་ཀྱི་ཚད་གཞི་བཞི་དང་པཎ་ཆེན་མཆོག་གི་གུས་མཇལ་དང་ལེན་གནང་སྐབས་ཀྱི་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་ལག་བསྟར་ནན་ཏན་བྱེད་པ། ཀྲུའུ་ཞི་དབང་དབྱང་གི་བླང་བྱ་གཞིར་བཟུང་། རྒྱལ་གཅེས་ཆོས་གཅེས་ཀྱི་སྤྱི་ཚོགས་ཚོགས་པའི་ནུས་པ་འདོན་སྤེལ་དང་། རྒྱལ་གཅེས་དར་ཆ་མཐོན་པོར་སྒྲེང་བ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བཅས་བྱས་ཏེ། རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཐོག་དུས་རབས་གསར་པའི་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ལས་འཛིན་ལྷན་ཚོགས་སྐབས་གསར་པའི་ཚན་ཁག་གི་ཁོངས་མིས་དཔེ་བཟང་སྣེ་ཁྲིད་བྱས་ནས། རང་ཉིད་ནས་འགོ་བཙུགས་ཏེ་དཔེ་སྟོན་ནུས་པ་འདོན་སྤེལ་གྱིས་ལྗོངས་ཡོངས་ཀྱི་གྲྭ་བཙུན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བོད་ཀྱི་ལེའུ་རྩོམ་པར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུར་ཤུགས་རྐྱེན་སྤྲོད་པ་དང་སྣེ་ཁྲིད་བྱེད་དགོས་ཞེས་བསྟན་པ་སྟེ།

    གཅིག་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་སྲོག་ཤིང་དང་མི་དམངས་ཀྱི་གཙོ་འཛིན་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་བྱས་ཏེ། ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་ཏན་ཏིག་ངང་ཆེ་རུ་གཏོང་དགོས། ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཐོག རྒྱ་ཆེའི་གྲྭ་བཙུན་ལ་སློབ་གསོ་དང་ཤུགས་རྐྱེན་སྤྲོད་པ་དང་། དད་ལྡན་མང་ཚོགས་ཀྱི་སྣེ་ཁྲིད་དེ་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་མོས་སེམས་སྔར་བས་ཆེ་རུ་གཏོང་དགོས།

    གཉིས་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་བྱས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་དགོས། རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱིས་བོད་ནི་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་བསམ་བློ་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱེད་པ་དང་། ས་སྐྱ་པཎྜི་ཏ་དང་། འགྲོ་མགོན་ཆོས་རྒྱལ་འཕགས་པ། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་སོགས་མིག་དཔེར་འཛིན་ནས་རང་རྟོགས་ངང་སློབ་སྦྱོང་བྱས་ནས་རྒྱལ་གཅེས་ཆོས་གཅེས་དང་ཟུང་འབྲེལ་དམ་ཟབ་དང་རང་ཉིད་ཀྱི་ལས་དབང་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དབང་དང་འབྲེལ་བ་དམ་ཟབ་བྱས་ཐོག་ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། རྒྱལ་ཁབ་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་འཛུགས་དགོས་པ་དང་། རྒྱལ་གཅེས་འདུ་ཤེས་དང་རྒྱལ་གཅེས་བརྩེ་སེམས་ཟབ་ཏུ་བཏང་སྟེ་མེས་རྒྱལ་ལ་དགའ་ཞེན་དང་། མེས་རྒྱལ་ལ་ལྷག་བསམ་རྣམ་དག མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བཅས་བྱ་རྒྱུ་དེ་རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱི་རང་རྟོགས་ཀྱི་བྱ་སྤྱོད་དུ་འགྱུར་བ་བྱེད་དགོས།

    གསུམ་ནས་དར་ཆ་གསལ་སྟོན་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་དགོས་པ་དང་མངའ་ཁོངས་ཕྱི་རོལ་གྱིས་ཆོས་ལུགས་སྤྱད་དེ་སིམ་འཛུལ་བྱེད་རྒྱུར་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། རང་རྒྱལ་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་རྒྱལ་གཅེས་ཆོས་གཅེས་ཀྱི་བླ་མ་སྐྱེས་ཆེན་ཚོའི་ལྷད་མེད་ཁུངས་བཙན་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་དར་ཆ་གསལ་སྟོན་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་བེད་སྤྱད་ནས་ཐོན་པའི་ཤུགས་རྐྱེན་ངན་པ་མེད་པ་བཟོ་བ་དང་། རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱིས་རང་རྟོགས་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དབར་དབྱེ་མཚམས་གསལ་པོ་འབྱེད་རྒྱུར་ཁྲིད་སྟོན་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་སོགས་ཡིན་མིན་ཆེན་པོའི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་དར་ཆ་ཧ་ཅང་གསལ་སྟོན་དང་། ལངས་ཕྱོགས་ཧ་ཅང་བརྟན་པོ། བྱ་སྤྱོད་ཧ་ཅང་བློ་ཐག་ཆོད་པོ་བཅས་བྱེད་དགོས།

    བཞི་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱས་ཏེ་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། ཁྲིམས་སྐྱོང་དྲིལ་བསྒྲགས་གཏིང་ཟབ་བྱས་ཏེ་རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་བྱས་ནས་རང་འགུལ་ངང་སྲིད་གཞུང་གི་ཁྲིམས་ལྟར་དོ་དམ་དང་ལེན་བྱེད་དགོས། བླ་མ་སྐྱེས་ཆེན་གྱིས་བསྟན་དོན་དང་འདུལ་ཁྲིམས་ཁྲོད་ནས་སྤྱི་ཚོགས་ཞི་མཐུན་དང་། དུས་རབས་ཡར་ཐོན། སྐྱོན་བྲལ་དང་ཤེས་དཔལ་བཅས་ལ་ཕན་པའི་ནང་དོན་སྔོག་འདོན་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་བསྟན་དོན་དང་འདུལ་ཁྲིམས་ལ་དེང་རབས་ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་གྱི་བླང་བྱ་དང་མཐུན་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་མཐུན་པའི་འགྲེལ་བཤད་རྒྱག་པ་དང་། དད་ལྡན་མང་ཚོགས་ཀྱིས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་རྒྱུར་སློབ་གསོ་བརྒྱབ་ནས་སྐྱོན་བྲལ་དང་ཤེས་དཔལ་ལྡན་པའི་འཚོ་བ་སྐྱེལ་སྟངས་དོན་གཉེར་བྱེད་དགོས།

    ལྔ་ནས་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ་དུས་རབས་གསར་པའི་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས། དགོན་སྡེའི་གྲྭ་བཙུན་དང་ཆོས་ལུགས་ལས་རིགས་མི་སྣའི་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་ཆེ་རུ་བཏང་སྟེ་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་གྲྭ་བཙུན་གྱི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་རང་བཞིན་ཆེ་རུ་གཏོང་དགོས། གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་འཛུགས་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཏེ་ཀྲུང་ཧྭའི་རིག་གནས་ནི་སྔ་ཕྱི་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་བརྩེ་དུང་གི་བརྟེན་ས་དང་། སེམས་ཆགས་ས། བསམ་པའི་ཁྱིམ་གཞིས་བཅས་འགྱུར་བ་བྱེད་པ་དང་། བོད་ཀྱི་མི་རིགས་ཁག་གི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་བསམ་བློ་མང་ཚོགས་ཀྱི་སེམས་ནང་གཏིང་ཟབ་ཟུག་པ་བྱེད་དགོས། དད་ལྡན་མང་ཚོགས་ཀྱིས་གོམས་སྲོལ་སྒྱུར་བ་དང་། ཤེས་དཔལ་དང་སྲོལ་གསར་གཏོད་པ། ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་བཅས་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཏེ་སེམས་ནུས་གཙོ་བོ་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ལེགས་སུ་གཏོང་བའི་ཐོག་འཇོག་པ་དང་། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་གཏོང་བའི་ནང་ཧུར་ཐག་ཞུགས་པ། ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་དགོས། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ་ཆ་རྐྱེན་ཡོད་པའི་ས་ཆར་ལྗོན་ཤིང་ཡོད་པའི་བྱ་སྤྱོད་སྤེལ་ནས་འཛམ་གླིང་ཐོག་གི་དག་ཞིང་མཐའ་མ་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

    དྲུག་ནས་ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་སྐུ་ཡོན་ཆེ་བ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་ནུས་པ་ཐོན་པ་བཅས་ཀྱི་ཚད་གཞི་མཐའ་འཁྱོངས་བྱས་ཏེ་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། གསུང་རབ་ལ་མུ་མཐུད་ཞིབ་འཇུག་སློབ་སྦྱོང་དང་། ཤེས་ཡོན་ལ་བརྩོན་འགྲུས། བློ་སྦྱོང་ལ་ཤུགས་སྣོན་བཅས་མུ་མཐུད་རྒྱག་པ་དང་། ཆོས་སྲོལ་འཛུགས་སྐྱོང་དང་ནང་ཁུལ་དོ་དམ་ལ་མུ་མཐུད་ཤུགས་སྣོན། འདུལ་ཁྲིམས་ནན་པོ་སྲུང་བ་བཅས་བྱས་ཏེ་གཟུགས་བརྙན་བཟང་པོ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་པ་བཅས་རེད།

    པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་གཏམ་བཤད་གནང་སྐབས། གསར་དུ་བདམས་ཐོན་བྱུང་བའི་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་ཡིན་པའི་ངོས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད། ནང་བསྟན་མཐུན་ཚོགས་ཏང་ཙུའི་ཐད་ཀའི་འགོ་ཁྲིད་བཅས་ཀྱི་འོག་རྒྱ་ཆེའི་ནང་བསྟན་མཐུན་ཚོགས་ལས་འཛིན་གྱི་སྣེ་ཁྲིད་དེ་རྒྱུན་ཆད་མེད་པར་འབད་བརྩོན་གྱིས་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ལས་དོན་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་འཕེལ་རྒྱས་གསར་པ་ཡོང་བ་དང་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

    བཀྲ་ཤིས་རྒྱལ་མཚན་དང་། དཔལ་ལྡན་དོན་ཡོད། ཟླ་བ་ཚེ་རིང་། རྗེ་དྲུང་བསྟན་པའི་རྒྱལ་མཚན། ཀུན་གསལ་སྙིང་པོ་སོགས་ཆོས་ལུགས་ལས་རིགས་མི་སྣའི་འཐུས་མིས་ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བ་དང་། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བ། བོད་ལྗོངས་ནང་བསྟན་སློབ་གླིང་ཡག་པོ་གཉེར་བ་སོགས་ཀྱི་ནང་དོན་ལ་དམིགས་ནས་གཏམ་བཤད་གནང་བ་རེད།

    མོང་ཞའོ་ལིན་དང་། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། བསོད་ནམས་རིག་འཛིན་བཅས་ཚོགས་འདུར་ཞུགས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།