[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།
  • བོད་ཀྱི་ཐ་སྙད་འདོགས་ཚུལ་དང་དགོས་པའི་སྐོར་ཅུང་ཟད་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-29

    འཛམ་གླིང་གི་རིག་གནས་གང་དང་ཅི་ཞིག་ཡིན་རུང་། རིག་གནས་གང་དེའི་ཐ་སྙད་ལས་རིག་གནས་དེའི་ལོ་རྒྱུས་དང་། བསམ་བློ། རིན་ཐང་བཅས་མངོན་སྟབས་ཐ་སྙད་ལ་དངོས་ཡོད་ཀྱི་རིན་ཐང་དང་ཞིབ་འཇུག་གི་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད། དེར་བརྟེན། སྐད་རིགས་མང་དག་ཅིག་ལ་ཆེད་མངགས་ཐ་སྙད་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཡང་ལོགས་སུ་ཕྱེ་ཡོད། འདི་ལས་ང་ཚོས་ཐ་སྙད་ཀྱི་གལ་ཆེའི་རང་བཞིན་ཡང་ཟུར་བལྟས་ལེབ་མཐོང་ཐུབ། འདིར་ཁོ་བོས་ཐ་སྙད་ཀྱི་གོ་དོན་དང་། འདོགས་ཚུལ། དེ་བཞིན་དགོས་པ་སོགས་ལ་རང་ཉིད་ཀྱི་བསམ་ཚུལ་འགའ་གླེང་བར་བྱའོ།

    གཅིག ཐ་སྙད་ཅེས་པའི་གོ་དོན་དང་དེའི་གལ་ཆེའི་རང་བཞིན།

    སྒྲའི་བསྟན་བཅོས་ལ་དོན་གྱི་ངོ་བོ་སྟོན་པའི་མིང་། ཞེས་གསུངས་པ་ལྟར་མིང་ནི་ཡི་གེ་དུ་མ་འདུས་ནས་དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲ་དེ་ལ་བརྗོད། དཔེར་ན། ས། ཆུ། མེ། རླུང་། ཁང་པ། ཀ་བ་ལྟ་བུའོ། ཐ་སྙད་དམ་མིང་ལ་ངེས་པར་དུ་ཁྱད་ཆོས་གསུམ་ལྡན་དགོས། དེ་ཡང་། 《མིང་ཚིག་ཡི་གེའི་སྦྱོར་བ་བློ་གསལ་འཇུག་ངོགས》ལས“ཐོག་མར་ས་ཆུ་མེ་རླུང་ལ་སོགས་པ་ཟེར་སྙམ་པའི་འདུ་ཤེས་བྱུང་བ་དེར་མིང་དུ་བཏགས་པའི་ཤེས་པ་ཞེས་བྱ་བ་དང་། དེ་ནས་ས་ཆུ་མེ་རླུང་བཞི་ཟེར་བའི་སྒྲ་ངེས་ཅན་ཞིག་གྲུབ་ཡོད་པ་དེར་མིང་གི་བརྗོད་པ་ཞེས་པ་དང་། དེ་ནས་ས་ཆུ་མེ་རླུང་ནི་སྐྱེ་དངོས་མཐའ་དག་འབྱུང་སའི་གཞིའམ་རྒྱུ་རྐྱེན་གཙོ་བོར་གྱུར་ཡོད་པའམ། ཡང་ན་འཇུག་པར་རྩོམ་པ་སྟེ་ཤེས་བརྗོད་འཇུག་གསུམ་མོ”ཞེས་གསུངས་པ་བཞིན་འཇིག་རྟེན་གྱི་ཆོས་ཐམས་ཅད་ལ་མིང་དང་ཐ་སྙད་རེ་ཡོད། ཐ་སྙད་དེ་དག་ལ་ངེས་པར་དུ་སྦྱོར་ཆོས་དེ་གསུམ་ཚང་དགོས། ཐ་སྙད་ལེགས་ཤིང་གནད་འཁེལ་པོ་ཞིག་སྦྱོར་དགོས་ན་ཐོག་མར་བོད་རང་གི་བརྡ་སྤྲོད་རིག་པའམ་སུམ་རྟགས་དག་གསུམ་དང་བཅུ་ཕྲག་རིག་གནས་ཀྱི་ཐ་སྙད། རང་དང་གཞན་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་འཚོ་བའི་ཁྱད་པར་ལ་ཡང་རྒྱུས་མངའ་ཡག་པོ་ལོན་དགོས། དེ་ལྟར་བྱུང་ན་ཐ་སྙད་དེ་དག་མི་རབས་རྗེས་མར་བརྒྱུད་སྤེལ་དང་མི་རབས་རྗེས་མས་དང་ལེན་ཡང་བྱེད་ཐུབ།

    སྐད་དང་ཡི་གེ་ནི་མི་རིགས་ཀྱི་སྲོག་རྩ་ཡིན། ཡི་གེ་ནི་མི་རིགས་དེའི་སྐད་ཀྱི་ཚབ་ཡིན། གང་ལགས་ཤེ་ན། སྐད་ལས་ཡི་གེ་བྱུང་། ཡི་གེ་ལས་མིང་དང་ཐ་སྙད་བྱུང་། མིང་དང་ཐ་སྙད་ཀྱིས་མི་རིགས་ཀྱི་འཚོ་བ་དང་བསམ་བློའི་འདུ་ཤེས་དང་མི་རིགས་དེའི་འཕོ་འགྱུར་མཚོན་ཐུབ། 《ལུག་རྫི་རྒན་པོའི་ཀི་སྒྲ》ལས“སྐད་ཡིག་ལ་བརྟེན་ནས་མི་རིགས་དེའི་བསམ་པའི་འདུ་ཤེས་དང་འཕོ་འགྱུར་དང་། མི་རིགས་དེ་ཉིད་ཀྱི་མི་ཚེའི་ལྟ་བ་དང་འཇིག་རྟེན་ལྟ་བ་དང་རིན་ཐང་གི་ལྟ་བ་རྣམས་ཀྱང་རྗེས་སུ་དཔག་ཐུབ་པ་ཡིན་ཏེ། དཔེར་ན། བོད་ཀྱི་སྐད་ཡིག་ནང་དུ་བྱམས་སྙིང་རྗེའི་སྐོར་གྱི་མིང་ཚིག་ཤིན་ཏུ་མང་ཞིང་ཕུན་སུམ་ཚོགས་པོ་ཡོད་པས་མི་རིགས་གང་དེ་བྱམས་སྙིང་རྗེ་ལྡན་པ་ཞིག་ཡིན་པ་ཤེས་ཐུབ་པ་དང་། དེ་བཞིན་དུ་བོད་ན་དུས་རབས་བཅུ་དགུ་པ་ཡན་ཆད་དུ་ཤིང་རྟ་འཁོར་ལོ་ཞེས་པ་དང། དུས་རབས་ཉི་ཤུ་པའི་ནང་དུ་ལྕགས་རྟ་ཞེས་པ་དང་། དུས་རབས་ཉེར་གཅིག་པའི་ནང་དུ་འཕྲུལ་རྟ་ཞེས་པའི་ཐ་སྙད་བྱུང་བ་ལ་བརྟེན་ནས་དུས་རབས་གསུམ་པོ་འདིའི་ནང་གི་དངོས་པོ་རྣམས་ཀྱི་འཕོ་འགྱུར་དཔག་ཐུབ་པ་ལྟ་བུ་ཡིན”ཞེས་གསུངས་པ་ལྟར་ང་ཚོས་ཐ་སྙད་ལས་མི་རིགས་སོ་སོའི་འཕོ་འགྱུར་སོགས་རྟོགས་ཐུབ། དེས་ན་རང་རེས་ངེས་པར་དུ་སྔར་ཡོད་ཀྱི་ཐ་སྙད་རྒྱུན་འཛིན་དང་ཕྱིས་འབྱུང་གི་ཐ་སྙད་ལ་མི་རིགས་ཀྱི་ཁྱད་ཆོས་ལྡན་པ་དང་ཀུན་གྱིས་གོ་ཐུབ་པ་ཞིག་བྱེད་དགོས།

    གཉིས། ཐ་སྙད་འདོགས་ཚུལ།

    འགྲོ་བ་མིའི་རིགས་བྱུང་བ་ནས་བཟུང་སྐད་བྱུང་བ་རེད། དེ་བཞིན་འཛམ་གླིང་ཐོག་གི་མི་རིགས་གང་འདྲ་ཞིག་ཡིན་ན་ཡང་ཐོག་མར་མི་རིགས་དེའི་སྐད་བྱུང་བ་དང་། དེ་ནས་ཡི་གེ་བྱུང་བ་རེད། རང་ཅག་བོད་རིགས་ཀྱང་དེ་ལས་མ་འདས། ཁ་བའི་ལྗོངས་སུ་རང་ཅག་བོད་རིགས་བྱུང་བ་ནས་རིམ་བཞིན་ཕན་ཚུན་བསམ་བློ་བརྗེ་རེས་བྱེད་ཆེད་སྐད་བྱུང་བ་རེད། སྐད་དེའི་ནང་དུ་མིང་དང་ཐ་སྙད་འདུས་ཡོད། མིང་དང་ཐ་སྙད་ལ་བརྟེན་ནས་ཕན་ཚུན་དབར་གྱི་བརྗོད་དོན་མཚོན་པ་དང་གོ་བརྡ་སྤྲོད་ཀྱི་ཡོད། བརྗོད་དོན་དེའི་ནང་དུའང་ཕྱི་ནང་གི་དོན་གཉིས་ཡོད་དེ་ཕྱི་འཇིག་རྟེན་ཁམས་ཀྱི་དངོས་པོ་དང་ནང་སེམས་ཀྱི་བསམ་བློ་གཉིས་ཡིན། དེ་ནས་མིའི་རིག་པ་ཇེ་གསལ་ཇེ་རྒྱས་ཕྱིན་ནས་རང་བྱུང་ཁམས་ལ་སྒྱུར་བཀོད་བྱེད་པའི་ཐབས་དང་ཤེས་རབ་ཀྱང་ཇེ་མཁས་ཇེ་འཕེལ་དུ་གྱུར། དེ་ནས་ཕན་ཚུན་བརྡ་སྤྲོད་བྱེད་ཀྱི་སྐད་ཆའམ་མིང་དང་ཐ་སྙད་རིམ་བཞིན་ཇེ་མང་དུ་ཕྱིན། དེ་ཡང་སྐད་ཆ་ནི་ངལ་རྩོལ་ལས་བྱུང་བ་ཡིན་ཞེས་པ་ལྟར། རང་རེའི་སྐད་དེ་ཡང་སྐབས་དེའི་ཕྱི་གནས་སའི་ཁོར་ཡུག་དང་འཚོ་བའི་ཆ་རྐྱེན། ནང་བསམ་བློའི་འདུ་ཤེས་སོགས་ལ་གཞིར་བཟུང་ནས་འདོད་རྒྱལ་ཤ་སྟག་སྒོ་ནས་མིང་བརྡ་གྲུབ། དེ་ནས་དུས་རབས་བདུན་པ་བོད་ཡོངས་གཅིག་གྱུར་བྱེད་པོ་རྒྱལ་པོ་སྲོང་བཙན་སྒམ་པོའི་བློན་པོ་ཐོན་མི་སམ་བྷོ་ཊ་རྒྱ་གར་ལ་སློབ་སྦྱོང་དུ་ཕེབས་ནས་ཚུར་ལོག་རྗེས་ཐོན་མིས་རང་རེའི་སྐད་དང་མཐུན་པའི་ད་ལྟ་སྤྱོད་བཞིན་པའི་ཡི་གེ་འདི་གསར་གཏོད་མཛད་ཅིང་། རང་རིགས་ཀྱི་སྐད་ཡིག་གཉིས་རིམ་བཞིན་ཆ་ཇེ་ཚང་དང་ཕུན་སུམ་ཇེ་ཚོགས་སུ་ཕྱིན། སྤྱིར་བོད་རང་གི་མིང་གི་འདོགས་ཚུལ་ལ་གཉིས་ཡོད་དེ། འདོད་རྒྱལ་དང་རྗེས་གྲུབ་གཉིས་ཡིན། དེ་གཉིས་ཀྱི་མཚན་ཉིད་ལ་རྗེ་ས་པཎ་གྱིས། དེ་ཡི་དང་པོ་འདོད་རྒྱལ་སྒྲ།། དེ་ལ་བརྟེན་ནས་ཕྱི་ནས་དོན།། གཞན་ལ་སྒྲོ་འདོགས་རྗེས་སྒྲུབ་སྒྲ།། ཞེས་གསུངས་པ་བཞིན་ཆོས་གང་ཞིག་ལ་མིང་འདོགས་མཁན་གྱི་འདོད་པ་ལྟར་ཐོག་མ་དེ་ལ་བརྡ་ཞིག་འབོད་པ་སྟེ། དཔེར་ན། ས། ཁང་པ་ལྟ་བུ། དེ་དག་འདོད་རྒྱལ་གྱི་མིང་ཡིན་ཏེ་ངེས་ཚིག་དང་རྒྱུ་མཚན་སོགས་འདྲེན་རྒྱུ་མེད། དེ་ནས་རིམ་བཞིན་བརྡ་དེ་ལ་གོམས་འདྲིས་སོང་བའི་རྐྱེན་གྱིས་མི་སོ་སོའི་བློ་ལ་ས་ལ་ས་དང་ཁང་པ་ལ་ཁང་པ་ཞེས་པའི་མིང་དང་ཐ་སྙད་དེ་གཏན་འཇགས་སུ་གྱུར། དེ་ནས་འདོད་རྒྱལ་གྱི་མིང་གང་རུང་ཞིག་གཞིར་བཟུང་ནས་ཕན་ཚུན་འདྲ་འབྲེལ་སོགས་རྒྱུ་མཚན་བྱས་ནས་མིང་གཞན་དང་ཟུང་དུ་འབྲེལ་ནས་བཏགས་པས་ན་རྗེས་གྲུབ་ཀྱི་མིང་དུ་གྱུར། དཔེར་ན། ས་ཁང་། ལྕགས་རྟ་ལྟ་བུའོ།

    སྔོན་མ་མི་རིགས་གཞན་གྱི་ཁྱད་འཕགས་རིག་གནས་ནང་འདྲེན་བྱེད་སྐབས་མེས་པོས་འདོད་རྒྱལ་དང་རྗེས་གྲུབ་གཉིས་ལས་རྗེས་གྲུབ་གཙོ་བོར་བྱས་ནས་དེ་དག་ལ་མིང་བཏགས་འདུག་ སྙམ། གང་ཡིན་ཟེར་ན། ད་ལྟ་རང་ཚོའི་མིག་མདུན་དུ་མཐོང་རྒྱུ་ཡོད་པའི་སངས་རྒྱས་ཀྱི་བཀའ་དང་གསུང་རབ་ཡོངས་རྫོགས་སྔོན་བྱོན་མེས་པོའི་དུས་སྐབས་ཀྱི་ལོ་པཎ་དག་གི་བཀའ་དྲིན་ཡིན། ལོ་པཎ་དེ་དག་གིས་སངས་རྒྱས་ཀྱི་གསུངས་མ་ནོར་བར་རང་རིགས་ལ་ནང་འདྲེན་བྱེད་ཐུབ་པ་ནི་རྒྱ་གར་གྱི་ཆོས་གཞུང་ལ་བྱང་ཆུབ་པ་དང་བོད་ཀྱི་སྐད་དང་མཐུན་པའི་ཐ་སྙད་སྤྱོད་མཁས་པ་ལས་བྱུང་བ་རེད། ཐ་སྙད་དེ་དག་ལེགས་སྦྱར་སྐད་ཀྱི་དོན་དང་མཐུན་པ་མ་ཟད་བོད་སྐད་ཐོག་ཏུའང་དོན་དེ་ཇི་བཞིན་རྟོགས་ཐུབ། དཔེར་ན།《སྒྲ་སྦྱོར་བམ་གཉིས》ལས་ཏ་ཐཱ་ག་ཏ་ལ་དེ་བཞིན་གཤེགས་པ་ཞེས་བསྒྱུར་བ་ལྟ་བུ་སྟེ། ཏ་ཐཱ་ནི་དེ་བཞིན། ག་ཏ་ནི་གཤེགས་པའམ་ཕྱིན་པའམ་མཁྱེན་པའམ་གསུང་བ་ལ་བྱ་སྟེ། ཚིག་གི་དོན་སྤྱིར་ན་སྔོན་གྱི་སངས་རྒྱས་རྣམས་ཇི་ལྟར་གཤེགས་ཤིང་ཕྱིན་པ་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་དེ་བཞིན་ཉིད་མཁྱེན་ཅིང་གསུང་བ་ལ་ཡང་བྱ་མོད་ཀྱི། སྔར་གྲགས་པ་བཞིན་དེ་བཞིན་གཤེགས་པ་ཞེས་གྲགས། ཞེས་ལྟ་བུའོ། སྤྱི་ལོའི་དུས་རབས་དགུ་པའི་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་དུས་སུ་སྒྲ་གཞུང《སྒྲ་སྦྱོར་བམ་གཉིས》ནང་དུ་བསྒྱུར་གྱི་རྩ་དོན་དང་ཐབས་ཤེས་གཏན་ལ་ཕབ་ཡོད་པ་མ་ཟད། སྔོན་ཡབ་མེས་སྐབས་ཆོས་གཞུང་གི་ཚིག་དོན་བསྒྱུར་ནོར་བ་རྣམས་དག་བཅོས་དང་བཀས་བཅད་བྱས་ནས་གཏན་ལ་ཕབ། བརྡ་དང་ཐ་སྙད་གཅིག་གྱུར་བྱས། སྐབས་དེ་དུས་ཀྱི་ལོ་ཙཱའི་སྒྲིག་ཁྲིམས་དང་ཐ་སྙད་འདོགས་སྐབས་ཧ་ཅང་དམ་པོ་དང་ནན་པོ་ཡོད་ལ་དངོས་ཡོད་ལག་ལེན་ཐོག་ཡང་དེ་བས་བཙན་པོ་ཡོད་པ་ཀུན་གྱིས་མཁྱེན་གསལ་རེད། ཕྱིས་སུ་གསར་ཐོན་ཐ་སྙད་གཅིག་གྱུར་ལ་སྔོན་བྱོན་མེས་པོའི་ལུགས་བཞིན་བྱས་ན་འབྲས་བུ་མི་དམན་པ་ཐོབ་ངེས་ཡིན།

    གསུམ། ཐ་སྙད་ཀྱི་དགོས་པ།

    ལང་ཀར་གཤེགས་པའི་མདོ་ལས། མིང་དུ་བཏགས་པར་མ་མཛད་ན། འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར།། དེ་བས་རྨོངས་པ་སེལ་བའི་ཕྱིར།། མགོན་པོས་མིང་དུ་བཏགས་པར་མཛད།། ཅེས་དང་སློབ་དཔོན་དབྱུག་པ་ཅན་གྱིས། གལ་ཏེ་སྒྲ་དོན་སྣང་བ་ཡིས།། འཁོར་བ་གསལ་བར་མ་བྱས་ན།། འཇིག་རྟེན་གསུམ་པོ་མཐའ་དག་འདི།། སྨག་རུམ་མུན་པ་ཉིད་དུ་འགྱུར།། ཞེས་སོགས་གསུངས་པ་ལྟར། འཇིག་རྟེན་གྱི་ཤེས་བྱ་ཡོངས་ལ་སོ་སོར་མིང་རེ་བཏགས་ཡོད་སྟབས་གང་དེར་བརྟེན་ནས་ཕན་ཚུན་གོ་བརྡ་སྤྲོད་ཀྱི་ཡོད། རྒྱལ་ཁབ་དང་མི་རིགས་སུ་འདྲ་ཞིག་ཡིན་རུང་། སོ་སོའི་ཐུན་མོང་མ་ཡིན་པའི་ཡི་གེའི་ལམ་ནས་དངོས་པོ་གང་དང་གང་ལ་ཕན་ཚུན་མི་ནོར་བ་དང་མ་འདྲེས་པའི་ཕྱིར་ཐ་སྙད་རེ་བཏགས་ཡོད་སྟབས་གང་དེར་བརྟེན་ནས་ཕན་ཚུན་གོ་བརྡ་སྤྲོད་ཀྱི་ཡོད། མིང་དེ་ཡང་ཡི་གེའི་ལམ་ནས་འདོགས་དགོས། གང་ལགས་ཤེ་ན། ཡུལ་ལུང་སོ་སོའི་འདོད་པ་ལྟར་ཡུལ་སྐད་ཐོག་ནས་མིང་རེ་བཏགས་ནས་ཡི་གེའི་ལམ་ནས་མིང་མ་བཏགས་ན་རིགས་གཅིག་པའི་སྐྱེ་བོ་ཕན་ཚུན་ཡང་བརྡ་སྤྲོད་མི་ཐུབ་པར་ཐམས་ཅད་རྨོངས་པའི་གནས་སུ་གྱར། ཡོངས་གྲགས་ལྟར་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐུ་རིང་ལ་སྒྲ་གཞུང《སྒྲ་སྦྱོར་བམ་གཉིས》བསྒྲིགས་པ་དང་། དེའི་ནང་དུ“དར་མ་འཕགས་པ་དཀོན་མཆོག་སྤྲིན་དང་འཕགས་པ་ལང་ཀར་གཤེགས་པ་བསྒྱུར་ཏེ་གཏན་ལ་ཕབ་པའི་ལུགས་བཞིན་དུ་སྒྱུར་ཅིག”གསུངས་པ་སོགས་ལ་བསམ་བློ་ཅུང་ཟད་རེ་གཏོང་ན། སྐབས་དེའི་དུས་སུ་བྱུང་བའི་ཐ་སྙད་དམ་མིང་དེ་ཡི་གེའི་ལམ་ནས་ཕབ་པ་མ་ཚད་གཅིག་གྱུར་བྱས་པ་ཡིན་ལ་སྐབས་དེའི་བོད་རིགས་ཡོངས་ཀྱིས་གོ་ཐུབ་པ་ཞིག་རྟོགས་ཐུབ་བོ།  (བོད་ལྗོངས་ནང་བསྟན་སློབ་གླིང་། འཕྲིན་ལས་རྣམ་རྒྱལ)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།