[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།
  • རྒྱལ་གཅེས་ཆོས་གཅེས་ཀྱི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་བཏང་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ འབྲི་གུང་ཆུང་ཚང་བློ་བཟང་བྱམས་པས།    |    སྤེལ་དུས།   2017-12-22

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་། དེ་བཞིན་ཧྲུའུ་ཅི་ཝུའུ་དབྱིང་ཅེས་བོད་བརྒྱུད་ནང་བསྟན་ལས་དོན་ལ་སྔ་ཕྱི་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་དང་། ང་ཚོ་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དགོན་སྡེའི་གྲྭ་བཙུན་ལ་ཐུགས་ཁུར་ཟབ་བཞེས་གནང་གི་ཡོད། གཤམ་ལ་ངས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་བྱས་པའི་མྱོང་ཚོར་ཕྲན་བུ་ཞིག་སྙན་སེང་ཞུ་རྒྱུ་ཡིན།

    གཅིག་ནི་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱིས་སྲོག་ཤིང་ལ་སྲུང་སྐྱོང་བྱེད་རྒྱུ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད། དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཟིགས་རྒྱང་རིང་ལ་ཐབས་ཇུས་དང་བཀོད་འདོམས་ལ་མཁས་པའི་གཙོ་འཛིན་གྱི་ཉམས་འགྱུར་དང་། སྤྱི་ཡོངས་སྟངས་འཛིན་དང་འགན་འཁུར་ཕོད་པའི་ཐབས་མཆོག་ཇུས་མཁས་གང་ལེགས་མཚོན་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ལ་གཏན་འཁེལ་གནང་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་འདི་ཉིད་རང་རེའི་ཏང་གིས་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པའི་མཛུབ་ཁྲིད་དགོངས་པར་གཏན་འཁེལ་གནང་ཡོད། འདི་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་བླ་སྲོག་དང་སྙིང་པོ་རེད། ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག ཧྲུའུ་ཅི་ཝུའུ་དབྱིང་ཅེས་གསུང་བཤད་གལ་ཆེན་གནང་ནས་རང་ལྗོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ལས་དོན་ཁག་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་ཡོད། ངས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་རྒྱུ་དེ་རང་ཉིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ནང་དོན་དང་། དགོངས་དོན་གྱི་ངོ་བོ། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་ལེན་རྒྱུ་ཡིན། ངས་རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལ་བརྩི་བཀུར་བཅས་ཀྱི་འགྱུར་མེད་རང་བཞིན་དང་རང་རྟོགས་རང་བཞིན་ཆེ་རུ་གཏོང་རྒྱུ་ཡིན། ངས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་མཐའ་གཅིག་ཏུ་སྲུང་སྐྱོང་བྱ་རྒྱུ་ཡིན། བོད་ལྗོངས་འདི་ཉིད་པེ་ཅིང་དང་ས་ཐག་རིང་ཡང་། ང་ཚོའི་སེམས་པ་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་། ཏང་གི་སྲོག་ཤིང་དང་དམ་པོར་སྦྲེལ་ཡོད་པས་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་རྒྱུ་ཡིན།

    གཉིས་ནི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་ཕྱིར་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན། དུས་དང་རྣམ་པ་ཀུན་ཏུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་པ་གལ་ཆེན་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་དགོས་པའི”མཛུབ་སྟོན་གལ་ཆེན་དེ་ཉིད་རང་ཉིད་ཀྱི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ལ་བརྩིས་ནས་བོད་བརྒྱུད་ནང་བསྟན་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་ཐབས་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲིད་ཇུས་དང་བྱེད་ཐབས་ཁག་དོན་འཁྱོལ་ལེགས་པར་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ཁྲིམས་ནན་པོར་སྲུང་བ་དང་། རང་ཉིད་ཀྱི་དགོན་སྡེར་དོ་དམ་ཡག་པོ་བྱེད་པ། དད་ལྡན་མང་ཚོགས་ལ་སློབ་གསོ་ཡག་པོ་རྒྱག་པ། བརྟན་ལྷིང་སྲུང་སྐྱོང་དང་དུས་བདེ་སྐྲུན་པ་བཅས་ཀྱི་བརྒྱུད་རིམ་ནང་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུ་ཡིན། ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་ནི་ནང་པ་སངས་རྒྱས་ཀྱི་ལྟ་སྤྱོད་ཀྱི་ཚད་གཞི་དངོས་ཡིན། རང་རེ་ནང་པས་དགེ་བའི་འབྲས་བུ་བདེ་བ་དང་སྡིག་པའི་འབྲས་བུ་སྡུག་བསྔལ་ཡིན་པས་ལས་གང་ཞིག་བསགས་པ་དེར་འབྲས་བུ་དེ་རང་ཡོང་བའི་ངོས་འཛིན་བྱེད་ཀྱི་ཡོད། དེ་ཕྱིར་རྒྱལ་ཁབ་ཁ་ཕྲལ་གཏོང་བ་དང་སྤྱི་ཚོགས་ཟང་ཟིང་བཟོ་བ་ནི་ཆག་སྒོའི་འབྱུང་རྩ་ཡིན་པ་དང་། མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་ཀྱི་འབྱུང་རྩ་ཡིན་པ། སྒྲིག་བཀུར་ཁྲིམས་སྲུང་བྱས་ཚེ་རང་ངོས་འཕེལ་རྒྱས་ལ་ཕན་པ་ཡོད་པ། སྒྲིག་འགལ་ཁྲིམས་འགལ་བྱས་ཚེ་མཐར་རང་ཉིད་ལ་ཁྲིམས་ཀྱི་ཆད་པ་ཕོག་ངེས་ཡིན་པ་བཅས་གསལ་པོར་ཤེས་ཐུབ། སྲོག་གཅོད་སྤོང་རྒྱུ་ནི་བདག་ཅག་གི་སྟོན་པས་ནང་པ་སངས་རྒྱས་པར་བཏོན་པའི་གཞི་རྩའི་བླང་བྱ་ཞིག་ཡིན། ཚེ་སྲོག་ལ་བརྩི་འཇོག་དང་། ཚེ་སྲོག་ལ་གཅེས་འཛིན་གྱིས། རང་བསྲེགས་ཀྱི་བྱེད་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་རང་ཉིད་དང་། དགོན་སྡེ། སྤྱི་ཚོགས། རྒྱལ་ཁབ་བཅས་ལ་གནོད་པའི་བྱ་བ་སྒྲུབ་མི་རུང་། བོད་བརྒྱུད་ནང་བསྟན་གྱི“རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན”བཅས་ཀྱི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་བཏང་ནས་དགོན་སྡེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱིས་རང་རྟོགས་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་འབྱེད་རྒྱུར་སློབ་གསོ་དང་ཁྲིད་སྟོན་ཧུར་ཐག་བྱ་རྒྱུ་དང་སྦྲགས། རང་ཉིད་གནས་སའི་དགོན་སྡེའི་གྲྭ་བཙུན་གྱིས་ནང་རིག་པར་བརྩོན་ཞིབ་དང་དད་ལྡན་མང་ཚོགས་ལ་ཞབས་འདེགས་ཞུས་ནས་ཁྲིམས་སྲུང་གི་འདུ་ཤེས་དང་འདུལ་ཁྲིམས་སྲུང་བའི་འདུ་ཤེས་ཟབ་ཏུ་བཏང་སྟེ་ཞི་མཐུན་དཔེ་བཟང་དགོན་སྡེ་གཏོད་པ་དང་། རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ཞིག་བྱེད་པའི་བརྩོན་ལེན་བྱས་ཏེ་ལྗོངས་ཡོངས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱ་ཕྱིར་རང་ཉིད་ཀྱི་ལེགས་སྐྱེས་གང་ཡོད་འབུལ་རྒྱུ་ཡིན།

    གསུམ་ནི་ཏང་དང་སྲིད་གཞུང་གི་ཡིད་ཆེས་ཆུད་ཟོས་སུ་མ་བཏང་བར་རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་ཁྲིད་སྟོན་ཧུར་ཐག་བྱས་ཏེ་རྒྱལ་དམངས་གཉིས་ཕན་གྱི་བྱ་བ་བཟང་པོ་བསྒྲུབ་རྒྱུ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་བསྟན་པའི་ཆོས་ལུགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དེས་རང་ཉིད་ལ་སྐུལ་མ་དང་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་བྱུང་། ངས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་གཏིང་ཟབ་ལེན་པ་དང་སྦྲགས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་སྟོན་གལ་ཆེན་གཞིར་བཟུང་། རང་ཉིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཏང་གཅེས་དང་། རྒྱལ་གཅེས། ཆོས་གཅེས་བཅས་ཀྱི་སྤྲུལ་སྐུ་ཞིག་བྱ་རྒྱུ་ཡིན། གཅིག་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་བྱས་ཏེ་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པར་རང་འགུལ་ངང་ཞུགས་པ་དང་། ཏང་དང་སྲིད་གཞུང་གིས་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པར་གཞོགས་འདེགས་བྱས་ཏེ་དགོན་སྡེའི་དོ་དམ་ལ་ས་ཁོངས་ཕྱི་རོལ་ཕྱོགས་གཏོགས་ཀྱི་ཐེ་ཇུས་མི་ཕོག་པའི་མཐའ་ཚད་དོན་འཁྱོལ་ཡག་པོ་བྱ་རྒྱུ་ཡིན། གཉིས་ནས“ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཡོན་ཚད་ལྡན་པ། ཀུན་སྤྱོད་ཐད་ཀུན་གྱིས་བཀུར་བ། འགག་རྩའི་དུས་སུ་ནུས་པ་ཐོན་པ”བཅས་ཀྱི་ཚད་གཞི་ལག་ལེན་བསྟར་ནས་དགོན་སྡེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཐུབ་རྒྱུར་སློབ་གསོ་ཁྲིད་སྟོན་བྱ་རྒྱུ་ཡིན། གསུམ་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བྱས་ཏེ་འདུལ་ཁྲིམས་དང་བསྟན་དོན་ལ་གསལ་འགྲེལ་གང་ལེགས་བྱེད་པ་དང་། དད་ལྡན་མང་ཚོགས་རྣམས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་པའི་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ནས་ཚེ་འདིར་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་བསྐྱལ་ཐོག བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན།

    (རྩོམ་པ་པོ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། འབྲི་གུང་མཐིལ་དགོན་གྱི་སྤྲུལ་སྐུ་བཅས་ཡིན)

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།