[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།
  • དུས་རབས་གསར་པར་བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་འཆད་འགྲེལ་དང་དྲིལ་བསྒྲགས་ཡག་པོ་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་རྒྱུ་ཡིན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུརདྲ་བ།    |    རྩོམ་པ་པོ།   ​ བསྟན་འཛིན་བཟང་པོས།    |    སྤེལ་དུས།   2017-12-22

    རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་བཅས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ང་ཚོ་ཆོས་ལུགས་ལས་རིགས་མི་སྣར་ཐུགས་ཁུར་ཟབ་བཞེས་གནང་གི་ཡོད། ངས་ངེས་པར་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་ཕྱིར་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུ་ཡིན། སྐབས་དེ་དང་བསྟུན་ནས་གུས་པར་འོས་པའི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་དབུ་ཁྲིད་ལྷན་རྒྱས་ལ་རང་ཉིད་ཀྱིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་བྱས་པའི་མྱོང་ཚོར་མདོར་བསྡུས་ཤིག་ཞུ་རྒྱུ་ཡིན།

    གཅིག་ནི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ལས་མངོན་པའི་ནང་ཆོས་ཀྱི་བྱམས་ཆུབ་སེམས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་། “མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས། ཀྲུང་གོའི་མི་དམངས་ཀྱི་ཕུགས་འདུན་དེ་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཕུགས་འདུན་དང་ཕན་ཚུན་དམ་པོར་སྦྲེལ་ནས་ཡོད་པས། ཞི་བདེའི་རྒྱལ་སྤྱིའི་ཁོར་ཡུག་ཅིག་དང་བརྟན་ལྷིང་གི་རྒྱལ་སྤྱིའི་སྒྲིག་ལམ་ཞིག་མེད་ཚེ་ཀྲུང་གོའི་ཕུགས་འདུན་སྒྲུབ་ཐབས་བྲལ”ཞེས་བསྟན་གནང་ཡོད། ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་གནང་བའི“ལས་དབང་གཅིག་མཐུན་འདུས་གྲུབ”ཅེས་པ་ནི་རྒྱལ་ཁབ་གཅིག་གི་མི་ཚང་མ་ས་གཞི་གཅིག་གི་ཐོག་འཚོ་སྡོད་བྱས་ནས་མཁའ་རླུང་གཅིག་པ་འབྱིན་རྔུབ་བྱེད་པ་དང་། ལས་དབང་གཅིག་ཏུ་སྦྲེལ་བ། གཟི་ཁྲེལ་མཉམ་མྱོང་དང་གཅིག་ལ་གཅིག་བརྟེན་བྱ་རྒྱུ་དེ་ཡིན་པས་ང་ཚོས་ཞི་མཐུན་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་གྱི་རྒྱལ་ཁབ་ཅིག་མཉམ་དུ་སྐྲུན་དགོས་པ་དང་། རྒྱལ་ཁབ་མི་འདྲ་བའི་མི་དམངས་གོ་ལ་གཅིག་གི་ཐོག་གནས་ཡོད། དེ་ཕྱིར་ ང་ཚོས་ཞི་མཐུན་བརྟན་ལྷིང་གི་རྒྱལ་སྤྱིའི་སྒྲིག་ལམ་མཉམ་དུ་འཛུགས་དགོས་པའི་གོ་བ་ལེན་གྱི་ཡོད།

    དུས་རབས་གསར་པར་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་རྒྱུར་རྩེ་གཅིག་ཏུ་བརྩོན་ལེན་བྱེད་པ་ནི་ཀྲུང་གོ་མི་དམངས་ཀྱི་བདེ་རྩ་ཙམ་མ་ཟད། རྒྱལ་ཁབ་ཁག་གི་མི་དམངས་ཐུན་མོང་གི་བདེ་རྩ་དང་ལས་དབང་གཅིག་མཐུན་འདུས་གྲུབ་སྐོར་གྱི་སྲོལ་རྒྱུན་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་རྒྱུ་དེ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་དགོངས་པའི་ཁྲོད་ཀྱི་འདུ་ཤེས་དེ་དག་ལས་ཀྲུང་གོ་བ་ཚང་མར་ཕན་པ་ཐོབ་བཞིན་ཡོད་ལ། རྒྱལ་ཁབ་གཞན་གྱི་མི་དམངས་ལའང་ཕན་པ་ཐོབ་རྒྱུ་ཡིན། མིག་སྔར། རང་རྒྱལ་གྱི་མི་དུང་ཕྱུར་བཅུ་གྲངས་འགའི་ལྟོ་གོས་གནད་དོན་ཐག་གཅོད་བྱུང་སྟེ་སྤྱིའི་ཆ་ནས་འབྱོར་འབྲིང་མངོན་འགྱུར་ཐུབ་པ་དང་མི་རིང་བར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུ་རེད། སྤྱི་ལེ་ངོས་གྲུ་ཁྲི་960ཡི་ཀྲུང་གོའི་ས་གཞི་ཆེ་མོའི་ཐོག རྒྱལ་ཁབ་ཀྱིས་ས་ཁུལ་དང་མི་རིགས་གཅིག་ཀྱང་སྣང་མེད་དུ་འཇོག་མྱོང་མེད། དུད་ཚང་དབུལ་པོ་ཚང་མ་དབུལ་སྒྲོལ་བྱེད་གང་ཐུབ་བྱས་པ་དང་སྦྲགས། དེ་དོན་དུ་ཕན་འབྲས་མངོན་གསལ་ཐོན་པའི་ལས་དོན་འབོར་ཆེན་བསྒྲུབས་ཡོད། དེང་སྐབས་བྱམས་སེམས་ཀྱིས་ཕྱུག་པའི་རྒྱལ་སྐྱོང་གི་འདུ་ཤེས་དང་མྱོང་ཚོར་ཐུབ་པའི་ཁེ་ཕན་དངོས་བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་འགྲེལ་བཤད་རྒྱག་སྟངས་ཐོག་ནས་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་བརྒྱུད་བསྒྲགས་བྱེད་དགོས།

    གཉིས་ནི་སྤྱི་ཚོགས་འཚོ་བའི་ཁྲོད་སྟོན་པའི་རྗེས་འཇུག་པ་ཚོས་བཀའ་དྲིན་བསམ་བཞིན་དྲིན་ལན་འཇལ་དགོས། ཏང་གི་ཁེ་ཕན་གྱིས་མི་དམངས་ཚང་མའི་ཁེ་ཕན་མཚོན་གྱི་ཡོད། དེས་ན་དད་ལྡན་མང་ཚོགས་ལ་ཕན་པ་བཏགས་ན་ཏང་གི་བཀའ་དྲིན་འཇལ་བ་དང་གཅིག་མཚུངས་ཡིན། རབ་བྱུང་བ་ཞིག་གི་ངོས་ནས་ཟས་གོས་སྡོད་གསུམ་ཚང་མ་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་ལས་བྱུང་བ་ཞིག་ཡིན་སྟབས། ཏང་དང་སྲིད་གཞུང་དང་དེ་བཞིན་དད་ལྡན་མང་ཚོགས་ཀྱི་དྲིན་ལན་འཇལ་དགོས་ཚེ། རབ་བྱུང་བས་ནང་ཆོས་ལ་བརྟེན་ནས་དད་ལྡན་མང་ཚོགས་ལ་ཁེ་ཕན་སྒྲུབ་དགོས་པ་མ་ཟད། དད་ལྡན་མང་ཚོགས་ཚོར་ཡང་གནས་ལུགས་དེ་རྟོགས་རྒྱུར་རོགས་རམ་བྱེད་དགོས། ཏང་དང་སྲིད་གཞུང་གིས་སྲིད་ཇུས་རབ་དང་རིམ་པ་བཟོ་དོན་ནི་མི་དམངས་ཡོངས་ལ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་ཆེད་རེད། རབ་བྱུང་བ་ཞིག་གི་ངོས་ནས་བྱམས་སྙིང་རྗེ་སྒོམ་དགོས། འགྲོ་བ་ཀུན་གྱི་བདེ་བ་ནི་ང་ཚོ་རབ་བྱུང་བའི་བདེ་བ་ཡིན་ལ། འགྲོ་བ་ཀུན་གྱིས་ཀྱང་བདེ་སྡོད་ལས་བརྩོན་དང་། འཚོ་བ་འབྱོར་ཕྱུག རྒྱལ་ཁབ་གཅིག་གྱུར། མི་རིགས་མཐུན་སྒྲིལ་བཅས་ཡོང་རེ་བྱེད་ཀྱི་ཡོད།

    བོད་བརྒྱུད་ནང་བསྟན་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོའི་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཐེག་པ་ཆེན་པོའི་ཆོས་ལས་བཤད་པའི་ཤེས་རབ་ལ་གོ་བ་རྒྱ་བསྐྱེད་ཐུབ་ཚེ། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་ལ་ནུས་པ་སྔར་ལས་ལྷག་པ་འདོན་ཐུབ། འཇིག་རྟེན་འདིར་བསྒྲུབས་པའི་བྱ་བ་ཐམས་ཅད་དྲིན་གཟོ་ཆེད་ཡིན་པས་རབ་བྱུང་བས་རང་ངོས་ཀྱི་རིན་ཐང་དང་ཆོས་སྤེལ་དགེ་སྒྲུབ་ཀྱི་དམིགས་ཡུལ་རང་རྟོགས་ངང་ཤེས་པ་བྱེད་དགོས། གལ་སྲིད་རྒྱལ་ཁབ་བརྟན་ལྷིང་མ་བྱུང་ཚེ། མི་ཉུང་ཤས་ཀྱི་ཁེ་ཕན་བསྒྲུབས་ཀྱང་འགྲོ་བ་ཕལ་ཆེ་བ་སྡུག་བསྔལ་གྱི་གནས་སུ་ལྷུང་རྒྱུ་རེད། ད་ཆ་བདེ་སྡོད་ལས་བརྩོན་དང་ཐོས་བསམ་ལ་གཞོལ་རྒྱུ་བྱུང་བ་ཚང་མ་ཏང་དང་སྲིད་གཞུང་གི་དྲིན་ལས་བྱུང་བ་ཡིན་པ་ངོས་འཛིན་ཐུབ་པ་བྱེད་དགོས། ཀྲུང་གོའི་ལོ་རྒྱུས་ལ་བལྟས་ཚེ། ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་གསུམ་དར་བའི་དུས་ནི་ནང་པ་སངས་རྒྱས་ཆོས་ལུགས་དར་བའི་དུས་ཀྱང་ཡིན། དེར་བརྟེན་རྒྱལ་ཁབ་བརྟན་ལྷིང་དང་མི་དམངས་ཀྱི་འཚོ་བ་འབྱོར་ཕྱུག་ལྡན་པ་ཞིག་བྱུང་ཚེ། ནང་པ་སངས་རྒྱས་ཀྱི་ཆོས་ལུགས་གཞི་ནས་དར་སྤེལ་ཆེན་པོ་ཡོང་ཐུབ། ད་ཆ་མེས་རྒྱལ་མངའ་ཐང་རྒྱས་པ་དང་། སྟོབས་ཇེ་ཆེར་འགྲོ་བ། མི་དམངས་ཀྱི་འཚོ་བ་ཡག་ཏུ་འགྲོ་བཞིན་ཡོད་པས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་ཁྲིད་སྟོན་གྱིས་ནང་པ་སངས་རྒྱས་ཆོས་ལུགས་ཀྱི་དགོངས་པ་དར་སྤེལ་ཡང་དག་བཏང་སྟེ། མི་རྣམས་དགེ་བར་མོས་པ་དང་། ཞི་བདེར་ཕྱོགས་པ། བདེན་པར་དགའ་བ། མཛེས་པར་ཕྱོགས་རྒྱུའི་བློ་བཀུག་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་སྔར་བས་ཡོང་བར་བྱེད་དགོས། མི་རིགས་ཁག་གི་མི་དམངས་ཀྱི་སེམས་པ་ཞི་ལྷོད་དང་ཁ་ཕྱོགས་གཅིག་ལ་མདུན་སྐྱོད་འབད་འབུངས་ཐུབ་ཚེ། གཞི་ནས་རྒྱལ་ཁབ་བརྟན་ལྷིང་འཕེལ་རྒྱས་དང་སྤྱི་ཚོགས་ཞི་མཐུན་ཡར་རྒྱས་ཡོང་ཐུབ་ལ། འགྲོ་བ་ཐམས་ཅད་ལ་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པ་ལས་བྱུང་བའི་ཕན་པའང་ཐོབ་ཐུབ། དད་ལྡན་མང་ཚོགས་ཁྲོད་བོད་བརྒྱུད་ནང་བསྟན་གྱི་གཞུང་འཆད་ཉན་སྤེལ་གསུམ་བྱེད་པའི་རབ་བྱུང་བའི་ངོས་ནས་བརྗོད་ཚེ། དུས་རབས་གསར་པར་བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་འཆད་འགྲེལ་དང་དྲིལ་བསྒྲགས་ཡག་པོ་བྱ་རྒྱུ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་རྒྱུ། ལོ་མང་རིང་ཐོས་བསམ་སྒོམ་གསུམ་བྱས་པ་དག་རྒྱལ་ཁབ་དང་སྤྱི་ཚོགས་ལ་འཇལ་གང་ཐུབ་བྱ་རྒྱུ་བཅས་ནི་རང་གི་ཆོས་སྤེལ་དགེ་སྒྲུབ་ཀྱི་འདུན་པ་དང་ལས་འགན་སྒྲུབ་སེམས་ཤིག་ཡིན་ལ། འགན་འཁྲི་ཞིག་དེ་བས་ཀྱང་ཡིན།

    གསུམ་ནི་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་དགོས། དུས་རབས་གསར་པར་རང་ཉིད་ཀྱི་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས། ཞི་མཐུན་གྱིས་ཕྱུག་པའི་སྤྱི་ཚོགས་ནི་དོན་དམ་པར་ཞི་མཐུན་ལྡན་པའི་གྲོང་སྡེ་དང་ཁྱིམ་ཚང་གྲངས་ལས་འདས་པ་ལས་གྲུབ་པ་ཞིག་ཡིན་ཞིང་། ཞི་མཐུན་ལྡན་པའི་བོད་ལྗོངས་ནི་ཞི་མཐུན་གཅིག་གྱུར་དང་དར་རྒྱས་སྟོབས་འབྱོར་ལྡན་པའི་ཀྲུང་གོའི་ཆ་ཤས་ཤིག་ཡིན། རབ་བྱུང་བ་ཞིག་གི་ངོས་ནས་བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་དེ་གཅིག་ནས་ལུང་རིགས་པ་དང་མཐུན་པ་དང་། གཉིས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་མཐུན་པའི་སྒོ་ནས་འཆད་འགྲེལ་བྱ་རྒྱུ་ཡིན། དེ་ནི་ནང་བསྟན་སློབ་གསོའི་ཆ་ཤས་ཤིག་རེད་ལ། སྤྱི་ཚོགས་ཀྱི་འགན་འཁྲིའི་ཆ་ཤས་ཤིག་ཀྱང་རེད། རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བར་རྒྱལ་ཁབ་བརྟན་ལྷིང་དང་དར་རྒྱས་མེད་ཚེ་ཐམས་ཅད་གླེང་ཐབས་བྲལ་ལ། ཆོས་ལུགས་དད་མོས་ལའང་བརྟེན་གཞི་མེད་པར་འགྱུར་རྒྱུ་རེད། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་བྱ་རྒྱུ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་བོད་བརྒྱུད་ནང་བསྟན་གྱི་རབ་བྱུང་བ་ཚོར་འཕྲད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཞིག་རེད། ཇི་ལྟར་བྱས་ནས་ཐབས་མཁས་ཀྱི་སྒོ་ནས་ནང་ཆོས་ཀྱིས་འགྲོ་བ་རིགས་དྲུག་ལ་ཕན་པ་བསྐྲུན་རྒྱུ་དང་། ནང་ཆོས་ལས་བསྟན་པའི་ཤེས་རབ་ཀྱིས་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་དམངས་བདེ་སྡོད་ལས་བརྩོན་ཡོང་བར་སྐུལ་འདེད་གཏོང་རྒྱུ་ནི་ཕྲན་གྱིས་ཕྱིས་འབྱུང་ཐོས་བསམ་སྒོམ་གསུམ་ལ་གཞོལ་བའི་ལས་འགན་གལ་ཆེན་ཞིག་ཡིན་ལ། དུས་རབས་གསར་པར་འགྲོ་བ་ཀུན་ལ་ཕན་པ་འདོགས་པའི་བོད་བརྒྱུད་ནང་བསྟན་གྱི་དགོངས་གཞིའང་ཡིན་པར་སྙམ།

    (རྩོམ་པ་པོ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ལས་འཛིན་སྨར་ཁམས་རྫོང་གསེར་ལྡན་དགོན་དམངས་བདག་ཨུ་ལྷན་གྱི་ཀྲུའུ་རེན་ཡིན)

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།