[ English ] [ 中文 ]
0891-6325020
དབུ་ཤོག>བོད་རིག་པ་དང་ཆོས་ལུགས།
  • ནང་བསྟན་ལ་བྱང་ཞིང་ཚན་རིག་གི་རིག་གནས་ཀྱང་ཤེས་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་བྱང་ཚད་མཐོ་བའི་གྲྭ་བཙུན་མི་རབས་གསར་པ་གསོ་སྐྱོང་ཧུར་ཐག་བྱ་རྒྱུ་ཡིན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ བཀྲ་ཤིས་རྒྱལ་མཚན་གྱིས།    |    སྤེལ་དུས།   2017-12-22

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་ལ་བསྐྱར་དར་དོན་གཉེར་བྱེད་པ་དེ་རེད་ཅེས་གསུངས་པ་ལྟར། གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲིས་ང་ཚོ་ནང་པ་སངས་རྒྱས་པ་རྣམས་ལ་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་ཅིང་བདེ་བར་འགོད་རྒྱུའི་ཁྲིད་སྟོན་གནང་ཡོད། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་ནི་ཉེ་རབས་ཚུན་གྱི་ཀྲུང་ཧྭ་མི་རིགས་ཀྱི་ཕུགས་འདུན་རླབས་ཆེ་ཤོས་དེ་རེད། རླབས་ཆེན་ཕུགས་འདུན་འདི་མངོན་འགྱུར་བྱེད་པ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ཚུན་ཕྲག་ཏུ་འཁུར་བའི་ལོ་རྒྱུས་ཀྱི་འགན་འཁྲི་ཞིག་རེད། “ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་ནི་ལས་སླ་ཚེགས་ཆུང་ཞིག་མིན་ལ་རྔ་རྡུང་དར་འཕྱར་བྱས་ནས་མངོན་འགྱུར་ཐུབ་པ་ཞིག་དེ་བས་ཀྱང་མིན” ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ལོ་96རིང་ཀྲུང་གོ་གུང་ཁྲན་ཏང་གིས་ལོ་རྒྱུས་ཀྱི་འགན་འཁྲི་སྒྲུབ་ཆེད་དཀའ་སྤྱད་འབད་བརྩོན་བྱས་ནས་གྲུབ་འབྲས་ཆེན་པོ་བླངས་པར་ཕྱིར་ལྟ་བྱས་པ་དང་སྦྲགས། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་འགན་འཁྲིར་འགྲེལ་བཤད་གཏིང་ཟབ་ཀྱང་བརྒྱབ་ནས། ང་ཚོ་ཆོས་ལུགས་ལས་རིགས་ཀྱི་མི་སྣར་དུས་རབས་གསར་པར་ལོ་རྒྱུས་ཀྱི་འགན་འཁྲི་སྔར་བས་ཡག་པོ་འཁུར་དགོས་པའི་བླང་བྱ་གསར་པ་བཏོན་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ནང་དོན་གལ་ཆེན་ཞིག་ནི། དུས་རབས་གསར་པའི་ལོ་རྒྱུས་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལག་ལེན་ཁྲོད་མི་དམངས་དུང་ཕྱུར་དུ་མས་ཀྲུང་གོའི་ཕུགས་འདུན་མཉམ་དུ་སྒྲུབ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་རྒྱུ་དེ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་བཅས་ཀྱིས་བོད་ལྗོངས་ནང་བསྟན་སློབ་གླིང་གི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ང་ཚོ་ཆོས་ལུགས་ལས་རིགས་ཀྱི་མི་སྣར་ཐུགས་ཁུར་ཚད་མེད་གནང་གི་ཡོད། ལྷག་པར་ཏུ་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་བྱམས་བརྩེའི་ཐུགས་ཁུར་དང་རྒྱབ་སྐྱོར་ཤུགས་ཆེན་འོག བོད་ལྗོངས་ནང་བསྟན་སློབ་གླིང་གི་སློབ་གཉེར་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་སོང་། ངས་ཏང་གི་སྲིད་ཇུས་བཟང་པོ་དངོས་སུ་ཚོར་བྱུང་ལ་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བ་དང་འོས་འགན་སྒྲུབ་པའི་རང་ཉིད་ཀྱི་དད་སེམས་ཀྱང་ཆེ་རུ་ཕྱིན་སོང་།

    གཅིག ཏང་གིས་ཐུགས་ཁུར་དང་གཟིགས་སྐྱོང་ཚོར་བར་བྱས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་རྒྱུ་ཡིན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་དང་། ཆོས་ལུགས་ལས་དོན་སྐོར་གྱི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་རབ་དང་རིམ་པ་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་སྦྲགས། དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་བཟང་པོ་རབ་དང་རིམ་པ་བཟོས་ནས་དོན་འཁྱོལ་བྱས་པས། ང་ཚོའི་སྒོམ་སྒྲུབ་དང་འཚོ་བའི་ཆ་རྐྱེན་ལ་གནམ་ས་བླ་འོག་ཏུ་འགྱུར་པ་ལྟ་བུའི་འགྱུར་ལྡོག་བྱུང་སོང་། སྒྱུར་བཅོས་སྒོ་འབྱེད་ཀྱི་གྲུབ་འབྲས་དང་། ཏང་དང་སྲིད་གཞུང་གི་དྲོ་སྐྱིད། དགོན་ཕན་གྲྭ་ཕན་གྱི་བྱེད་ཐབས་ལས་བྱུང་བའི་ཕན་པ་དངོས་བཅས་མྱོང་ཚོར་ཐུབ་བྱུང་། ཧེ་བག་མེད་པའི་དོ་སྙོམས་ཅན་གྱི་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་དང་བྱེད་ཐབས་འདི་དག་དང་། ད་ཆའི་སྒོམ་སྒྲུབ་ཆ་རྐྱེན་ཡག་པོ་འདི་འདྲ་དེ་སྔའི་དུས་སྐབས་གང་རུང་ཞིག་ཏུ་ཡང་འབྱུང་མ་མྱོང་བའམ་ཡང་ན་བསམ་བློར་ཡང་འཁོར་དཀའ་བ་ཞིག་རེད། འདི་དག་ཚང་མ་ཏང་གི་བཀའ་དྲིན་རེད། སངས་རྒྱས་ཆོས་ལུགས་པ་ཞིག་གི་ངོས་ནས་ཡིན་པའི་ང་ཚོས་ཆུ་འཐུང་དུས་ཆུ་འགོ་མི་བརྗེད་པ་དང་། འདི་དག་ཚང་མ་ཀྲུང་གོ་གུང་ཁྲན་ཏང་གིས་གནང་བར་ངོས་འཛིན་གང་ལེགས་བྱེད་པ། དྲིན་ཤེས་དང་། དྲིན་ཚོར། དྲིན་འཇལ་བཅས་བྱས་ནས་གུང་ཁྲན་ཏང་གི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་བརྩི་དང་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་བ། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ལ་ནུས་པ་འདོན་སྤེལ་གྱིས་ལེགས་སྐྱེས་ཧུར་ཐག་འབུལ་བ། ཏང་དང་སྲིད་གཞུང་གིས་ཆོས་ལུགས་ལས་རིགས་ཀྱི་མི་སྣར་བཅངས་པའི་ཐུགས་རེ་ཆུད་ཟོས་སུ་མི་གཏོང་བ་བཅས་ཀྱི་ཐོག་ནས་རང་ཉིད་ཚད་ལོན་པ་དང་། དུས་རབས་ཡར་རྒྱས་ཀྱི་བླང་བྱ་དང་འཚམ་པ། རྒྱལ་གཅེས་ཆོས་གཅེས་བཅས་ཀྱི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་ཞིག་ཏུ་ཧུར་ཐག་འགྱུར་བར་བྱ་རྒྱུ་ཡིན།

    གཉིས། བོད་ལྗོངས་ནང་བསྟན་སློབ་གླིང་གི་སློབ་མའི་བསམ་བློ་སློབ་གསོའི་ཁྲིད་སྟོན་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་། བློ་གཅིག་སེམས་གཅིག་གིས་ཀྲུང་གོའི་ཕུགས་འདུན་འགྲུབ་པར་བྱེད་པ་ནི་ཀྲུང་ཧྭའི་བུ་ཕྲུག་གི་ཐུན་མོང་བསམ་འདུན་ཡིན་ལ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོའི་ཐུན་མོང་གི་དམིགས་ཚད་ཀྱང་རེད། ནང་བསྟན་སློབ་གླིང་གི་དཔེ་ཆའི་དགེ་རྒན་ཞིག་གི་ཆ་ནས། སློབ་མར་མི་རིགས་མཐུན་སྒྲིལ་ལ་གཅེས་སྐྱོང་བྱེད་པ་དེ་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་དང་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྐྱོང་བྱེད་པ་བཞིན་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱ་རྒྱུ་ཡིན། མི་རིགས་ཁག་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས། གང་ལགས་ཤེ་ན་མཐུན་སྒྲིལ་ནི་བདེ་སྐྱིད་ཀྱི་འབྱུང་རྩ་རེད། མཐུན་པ་སྤུན་བཞིའི་དོན་སྙིང་ལས་ང་ཚོས་མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པ་དང་། རྒན་བཀུར་གཞོན་གཅེས་དང་། ཞི་མཐུན་མཉམ་གནས། མཐུན་སྒྲིལ་རོགས་རེས་བཅས་བྱུང་ཚེ། བདེ་སྡོད་ལས་བརྩོན་དང་ཁྱིམ་ཚང་འཆམ་མཐུན་ཡོང་བ་རྟོགས་ཐུབ། མཐུན་པ་སྤུན་བཞིའི་སྙིང་སྟོབས་སློབ་སྦྱོང་དང་དར་སྤེལ་བཏང་ནས་མི་རིགས་མཐུན་སྒྲིལ་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་མེས་རྒྱལ་དར་རྒྱས་དང་། མི་རིགས་འཕེལ་རྒྱས། མི་དམངས་བདེ་སྐྱིད་བཅས་ལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན། པཎ་ཆེན་སྐུ་ཕྲེང་བཅུ་པ་དང་ཀྲུའུ་ཞི་གཞོན་པ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་སོགས་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣ་མིག་དཔེར་བྱས་ཏེ་ཁོང་ཚོའི་རྒྱལ་གཅེས་ཆོས་གཅེས་དང་། རྒྱལ་སྲུང་དམངས་ཕན། སྒྲིག་བཀུར་ཁྲིམས་སྲུང་བཅས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། ཏང་དང་སྲིད་གཞུང་གི་དོ་དམ་དང་དུ་ལེན་པ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་བསམ་བློའི་ཐད་བསམ་སྤྱོད་གཅིག་མཐུན་དང་། དམིགས་ཚད་ཐད་བློ་ཁ་གཅིག་མཐུན། བྱ་སྤྱོད་ཐད་བསམ་སྦྱོར་གཅིག་མཐུན་བཅས་ཡོང་བ་བྱས་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད། རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན།

    གསུམ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་བྱས་ནས་བྱ་སྤྱོད་ཐོག་དོན་འཁྱོལ་ཐུབ་པ་བྱ་རྒྱུ་ཡིན། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག་བོད་ལྗོངས་ནང་བསྟན་སློབ་གླིང་ལ“བོད་བརྒྱུད་ནང་བསྟན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཡུལ་ས་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་གཡུལ་ས། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བའི་གཡུལ་ས། ལྗོངས་ཡོངས་ཀྱི་དགོན་སྡེར་བྱང་ཚད་མཐོ་བའི་གྲྭ་བཙུན་གསོ་སྐྱོང་བྱེད་པའི་གཡུལ་ས་བཅས་སུ་སྐྲུན་དགོས་པའི”སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མཛུབ་སྟོན་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་ཡང་དག་པའི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་དང་། ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། གྲུབ་མཐའི་ཐད་ཕྱོགས་ལྷུང་མེད་པ། མདོ་སྔགས་ཟུང་འབྲེལ། གྲྭ་བཙུན་མཉམ་སྦྱོང་། སློབ་དཔྱོད་གལ་ཆེ་མཉམ་འཇོག་བཅས་མཐའ་འཁྱོངས་ཀྱིས་སློབ་ཁྲིད་བྱེད་སྟངས་དང་རྣམ་པ་གསར་གཏོད་དང་སློབ་གཉེར་ཆུ་ཚད་མཐོ་རུ་བཏང་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་ཕུལ་བྱུང་དགེ་འདུན་པ་གསོ་སྐྱོང་བྱ་རྒྱུ་ཡིན། 《ལོ་16མན་གྱི་སྤྲུལ་སྐུ་ལོ་ཆུང་གསོ་སྐྱོང་སློབ་གསོའི་ཇུས་གཞི》གཞིར་བཟུང་། སྤྲུལ་སྐུ་ལོ་ཆུང་གསོ་སྐྱོང་ལས་དོན་ཡག་པོ་བསྒྲུབས་ནས་ནང་བསྟན་ལ་བྱང་ཞིང་ཚན་རིག་གི་རིག་གནས་ཀྱང་ཤེས་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་བྱང་ཚད་མཐོ་བའི་གྲྭ་བཙུན་མི་རབས་གསར་པ་གསོ་སྐྱོང་ཧུར་ཐག་བྱ་རྒྱུ་ཡིན།

    (རྩོམ་པ་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། བོད་ལྗོངས་ནང་བསྟན་སློབ་གླིང་གི་ཡོན་ཀྲང་གཞོན་པ། དཔེ་ཆའི་དགེ་རྒན། སེ་ར་དགོན་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཡིན)

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།