[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བློ་བཟང་རྒྱལ་མཚན་གྱིས་གཞིས་རྩེ་གྲོང་ཁྱེར་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-11-30

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཚེས་24ཉིན་དང་ཚེས་25ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གཞིས་རྩེ་གྲོང་ཁྱེར་དང་། རྣམ་གླིང་རྫོང་། རིན་སྤུངས་རྫོང་། བཀྲས་ལྷུན་དགོན་བཅས་སུ་ཕེབས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་མ་ཟད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་དང་། གྲོང་གསེབ་དར་རྒྱས། རིམས་ནད་སྔོན་འགོག་དང་ཚོད་འཛིན། ལས་ཐོན་བསྐྱར་ཚུགས། གཞི་རིམ་བཅོས་སྐྱོང་སོགས་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱེད་པ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་ཨང་དང་པོར་བརྩིས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”དམིགས་པ། འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་གཞིས་རྩེའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

    གཞིས་རྩེ་གྲོང་ཁྱེར་གྱི་སྒྲོག་འགྲེལ་ཚོགས་འདུའི་ཐོག བློ་བཟང་རྒྱལ་མཚན་གྱིས་རང་ངོས་ཀྱི་སློབ་སྦྱོང་མྱོང་ཚོར་དང་ཟུང་འབྲེལ་གནང་ནས་གསོན་ཉམས་ལྡན་པའི་བཀའ་མོལ་དང་ཞིབ་ཅིང་ཕྲ་བའི་དཔེ་མཚོན་སྤྱད་དེ“ཏང་གི་ཚོགས་ཆེན་ཤུ་པ་འཚོགས་པའི་དོན་སྙིང་གལ་ཆེན་དང་། འདས་ཟིན་པའི་ལོ་ལྔའི་ལས་དོན། དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་དང་ལས་འགན། རང་ངོས་གསར་བརྗེ་རླབས་པོ་ཆེས་སྤྱི་ཚོགས་གསར་བརྗེ་རླབས་པོ་ཆེར་ཁྲིད་སྟོན། མཐུན་སྒྲིལ་འབད་འཐབ་ཀྱི་དུས་རབས་ཀྱི་བླང་བྱ”སོགས་ལ་དམིགས་ནས་སྒྲོག་འགྲེལ་གཏིང་ཟབ་གནང་བ་རེད།

    རྣམ་གླིང་རྫོང་དུ་བློ་བཟང་རྒྱལ་མཚན་གྱིས་ས་གནས་ས་ཐོག་ཏུ་གཞི་རིམ་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་སར་གཟིགས་ཞིབ་གནང་ཞིང་། གཞི་རིམ་ནས་ཡོང་བའི་སྒྲོག་འགྲེལ་པ་གསུམ་གྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྤྱོད་པ་དང་ཉེ་འགྲམ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་གནས་ཚུལ་གཟིགས་ཤིང་། བློ་བཟང་རྒྱལ་མཚན་གྱིས། ལོ་བཅུའི་རིང་བོད་རང་སྐྱོང་ལྗོངས་ཀྱི་བྱ་གཞག་ཁག་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བའི་རྩ་བ་ནི། ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་སྒྱུར་ཕྱོགས་སྟོན་གནང་བ་ལས་བྱུང་བ་ཞིག་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལས་བྱུང་བ་ཞིག་རེད། མི་རིགས་ཁག་གི་མང་ཚོགས་ཚོར་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་པ་རེད།

    བཀྲས་ལྷུན་དགོན་དུ་བློ་བཟང་རྒྱལ་མཚན་གྱིས་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཁོངས་མི་དང་དགེ་འདུན་པའི་འཐུས་མི་དང་བཞུགས་མོལ་གནང་སྟེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད། དགོན་སྡེ་དོ་དམ་སོགས་ཀྱི་ལས་དོན་སྐོར་མཁྱེན་རྟོགས་ཞིབ་ཕྲ་གནང་ནས། “འདུ་ཤེས་གསུམ”གྱི་སློབ་གསོ་མུ་མཐུད་གཏིང་ཟབ་སྤེལ་ནས་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་ཕ་ཡུལ་འཛུགས་སྐྲུན་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བར་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་ད་དུང་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གྲོང་བྱང་ཁྲོམ་གཞུང་བདེ་སྐྱིད་སྡེ་ཁུལ་དང་། རྣམ་གླིང་རྫོང་རྣམ་གླིང་གྲོང་རྡལ་ཕྲང་མགོ་གྲོང་ཚོ་དང་མཁར་རྩེ་ཤང་། རིན་སྤུངས་རྫོང་བྱེ་བ་ཤང་ཕུ་སྣ་གྲོང་ཚོ་སོགས་སུ་ཕེབས་ནས་གྲོང་གསེབ་དར་རྒྱས་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས། རིམས་ནད་སྔོན་འགོག་དང་ཚོད་འཛིན། གཞི་རིམ་བཅོས་སྐྱོང་། ལས་ཐོན་བསྐྱར་ཚུགས་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།