[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བརྟན་ལྷིང་སྲུང་སྐྱོང་བྱས་ནས་ཟངས་གྱང་ལྕགས་རྩིག་བརྟན་དུ་གཏོང་དགོས།

    —— ཚད་གཞི་དང་ཡང་ཡང་བསྡུར་ནས་སྐུལ་འདེད་གཏོང་རྒྱུར་དམ་འཛིན་བྱས་ཏེ་ལོ་འཁོར་གྱི་དམིགས་ཚད་ལས་འགན་ལེགས་འགྲུབ་ཡོང་བའི་འགན་ལེན་བྱ་རྒྱུའི་སྐོར་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-07

    བོད་ཀྱི་དར་རྒྱས་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་ནི་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བའི་རྩ་བའི་འགན་ལེན་ཡིན་ལ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་རེ་འདུན་ཡང་ཡིན།

    འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་དང་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་ཕུགས་ཕན་བྱ་ཐབས་རབ་དང་རིམ་པ་བཏོན་ཏེ་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་དང་མཐའ་མཚམས་སྲ་བརྟན་དང་བདེ་འཇགས་བྱུང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་ཚད་ལེན་དཔྱད་བསྡུར་གྱི་བློ་ཡིད་ཚིམ་ཚད་99%ཡན་ཟིན་ཡོད་པ་རེད།

    བརྟན་ལྷིང་སྲུང་སྐྱོང་བྱེད་པར་ཆབ་སྲིད་ཀྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་ཤིང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་ལྡོག་མེད་བླང་བྱ་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གནས་བབ་ལ་ཐོག་མཐའ་བར་གསུམ་དུ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ཚད་གཞི་དང་གཞི་རྩའི་ཆབ་སྲིད་ཀྱི་བླང་བྱ་གསལ་པོ་ཞིག་ཏུ་བརྩིས་ཏེ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་བསམ་བློའི་ཐད་སྲོག་ཤིང་ལ་ཚད་མཐོའི་ཡིད་ཆེས་བྱེད་པ་དང་། བརྩེ་སེམས་ཐད་སྲོག་ཤིང་ལ་སྙིང་དབུས་ནས་དགའ་གུས་བྱེད་པ། ཆབ་སྲིད་ཐད་སྲོག་ཤིང་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ། རྩ་འཛུགས་ཐད་རང་རྟོགས་ངང་སྲོག་ཤིང་ལ་བརྩི་སྲུང་ཞུ་བ། བྱ་སྤྱོད་ཐད་ཐོག་མཐའ་བར་གསུམ་དུ་སྲོག་ཤིང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་ཏང་ཀྲུང་དབྱང་གི་སྲིད་དོན་མཛད་ཇུས་ཆེ་མོ་དང་ཐབས་ཇུས་བཀོད་སྒྲིག་གངས་ལྗོངས་ས་མཐོར་རྩ་བ་ཚུགས་པ་དང་འབྲས་བུ་སྨིན་པ་བྱེད་དགོས།

    བརྟན་ལྷིང་སྲུང་སྐྱོང་བྱེད་པར་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དེ“བརྟན་ལྷིང་ཐད་གཞན་སྐུལ་ནས་རང་འགུལ་དུ་འགྱུར་བ”བྱེད་དགོས་ཤིང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་དེ་བོད་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བའི་འགན་ལེན་དུ་བྱས་ཏེ། ཡུན་རིང་བདེ་འཁོད་མངོན་འགྱུར་ཐུབ་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཡིན་པ་ངོས་འཛིན་གཏིང་ཟབ་བྱེད་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་། མཐའ་ཚད་བསམ་བློ་བརྟན་པོ་འཛུགས་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ནས་རིགས་ཁག་གི་ཁ་ཕྲལ་དང་། སིམ་འཛུལ། གཏོར་བཤིག་བཅས་ཀྱི་བྱེད་སྤྱོད་ལ་འགོག་ཟོན་ནན་པོ་དང་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས་པ་དང་། ཆོས་ལུགས་ལས་དོན་ཁྲིམས་བཞིན་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས“ཁྲིད་སྟོན”ཧུར་ཐག་བྱེད་པ་དང་། དད་ལྡན་མང་ཚོགས་ཀྱིས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་ཚེ་འདིའི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་དགོས་པའི་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས་པ། “མོས་སེམས་ལྔ”ཟམ་མི་ཆད་པར་ཟབ་ཏུ་བཏང་ནས་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་བརྟན་པོར་འཛུགས་དགོས་པ། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས། བོད་ཀྱི་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་ཆེད་མཉམ་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས་པ་བཅས་རེད།

    བརྟན་ལྷིང་སྲུང་སྐྱོང་བྱེད་པར་སྔོན་འགྲོའི་ཆ་རྐྱེན་དང་ལས་འགན་གལ་ཆེན་ཨང་དང་པོ་ཡིན་པའི་འཕེལ་རྒྱས་ལ་དམ་འཛིན་ནན་པོ་བྱེད་དགོས་ཤིང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི་བོད་ཀྱི་དམངས་འཚོ་འགན་ལེན་དང་ལེགས་སུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཡིན་པ་ངོས་འཛིན་གཏིང་ཟབ་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱེད་པ་དང་། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། སྟབས་བདེ་དང་དངོས་ཕན་མང་ཚོགས་ལ་སྤྲོད་པ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱ་རྒྱུ་རྩ་བའི་བྱ་ཐབས་སུ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་བཀོལ་སྤྱོད་ཡག་པོ་བྱས་ནས། ཁྱད་ལྡན་ལེགས་ལྡན་གྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་མཐའ་གཅིག་ཏུ་རྒྱལ་ཁ་བླངས་ཏེ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱེད་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ནས། མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་དོ་སྙོམས་མེད་པ་དང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ་དང་། མཐའ་མཚམས་མང་ཚོགས་སྐལ་བཟང་མེ་ཏོག་ལྟར་གངས་ལྗོངས་མཐའ་མཚམས་སུ་རྩ་བ་ཚུགས་རྒྱུར་ཁྲིད་སྟོན་བྱས་ཏེ། དེ་བས་ལེགས་པའི་སྒོ་ནས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་སྟེ། སྤྱི་ཚོགས་ཡོངས་སུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། བོད་ཀྱི་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས་པ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།