[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པས་མཚོ་སྔོན་ཞིང་ཆེན་དུ་སློབ་སྦྱོང་དང་བརྟག་ཞིབ་གནང་བ།

    ཝང་ཅན་ཅུན་དང་ཝུའུ་དབྱིང་ཅེས་བཞུགས་མོལ་ཚོགས་འདུའི་ཐོག་གསུང་བཤད་གནང་བ། ལིའུ་ཉིང་དང་ཆེ་དགྲ་ལྷ་འབྲེལ་ཡོད་བྱེད་སྒོར་ཞུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-20

    662906_yis_1568873573790.jpg

    ཟླ་9ཚེས་16དང་ཚེས་17ཉིན་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་མཚོ་སྔོན་ཞིང་ཆེན་དུ་བསྐྱོད་ནས་སློབ་སྦྱོང་དང་བརྟག་ཞིབ་གནང་བ་དང་འབྲེལ་ཞིང་ལྗོངས་གཉིས་ཀྱི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པས་མཚོ་སྔོན་དུ་དུས་རབས་ནུས་རྒྱུ་གསར་པ་ཚན་རྩལ་ཚད་ཡོད་ཀུང་སིར་ནུས་རྒྱུ་གསར་པའི་ཐོན་ལས་རྣམ་གྲངས་ལ་བརྟག་ཞིབ་གནང་བ་དང་མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅན་ཅུན་བརྟག་ཞིབ་གནང་སྐབས་མཉམ་དུ་ཕེབས་པ།

    མཚོ་སྔོན་ཞིང་ཆེན་གྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་སྔར་བས་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། ཞིང་ལྗོངས་གཉིས་ཀྱི་མཉམ་ལས་ཇུས་ཆེན་ལ་མཉམ་དུ་གྲོས་བསྡུར། ཞིང་ལྗོངས་གཉིས་ཀྱི་གྲ་རྒྱས་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། ཟླ་9ཚེས་16དང་ཚེས་17ཉིན་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་མཚོ་སྔོན་ཞིང་ཆེན་དུ་བསྐྱོད་དེ་སློབ་སྦྱོང་དང་བརྟག་ཞིབ་གནང་བ་མ་ཟད། ཞིང་ལྗོངས་གཉིས་ཀྱི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་འབྲེལ་ཡོད་མཉམ་ལས་གྲོས་མཐུན་ལ་མིང་རྟགས་ཀྱང་བཀོད་པ་རེད། མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅན་ཅུན་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་བཞུགས་མོལ་ཚོགས་འདུའི་ཐོག་གསུང་བཤད་གནང་ཞིང་། མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེང་ཀྲང་ལིའུ་ཉིང་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།

    ཚེས་17ཉིན་གྱི་ཕྱི་དྲོ། མཚོ་སྔོན་དང་བོད་ཀྱི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་འཚོགས་ཤིང་། ཝང་ཅན་ཅུན་གྱིས་མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ཏེ་བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་མཚོ་སྔོན་དུ་ལས་དོན་ལ་རྟོག་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་དུས་ཡུན་རིང་པོའི་ནང་བོད་ཀྱིས་མཚོ་སྔོན་གྱི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཡང་ཞུས་པ་རེད། ཁོང་གིས་འདི་ལོའི་ཟླ་བཞི་པར་མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པས་བོད་དུ་སློབ་སྦྱོང་དང་རྟོག་ཞིབ་བྱས་པར་གྲུབ་འབྲས་བཟང་པོ་དང་ཕན་པ་མི་དམན་པ་ཞིག་ཐོབ་ཡོད། མཚོ་སྔོན་དུ་ཕྱིར་ལོག་བྱས་རྗེས། ང་ཚོས་བོད་ཀྱི་འཕེལ་རྒྱས་ལ་དེ་བས་དོ་ཁུར་བྱེད་པ་དང་ང་ཚོས་བོད་ཀྱི་ཉམས་མྱོང་བཟང་པོར་སློབ་སྦྱོང་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཧུར་ཐག་ལེན་པ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། དམངས་འཚོ་འགན་ལེན་དང་ལེགས་གཏོང་སོགས་གཙོ་གནད་ལས་དོན་ལ་དམ་འཛིན་ཏན་ཏིག་དང་དམ་འཛིན་ལ་ཕན་འབྲས་ཐོན་པ་བྱས་ཡོད། དཔལ་འབྱོར་འཕེལ་རྒྱས་དང་། སྣོད་བཅུད་སྲུང་སྐྱོང་། བོད་བརྟན་མཐའ་སྲུང་སོགས་ལ་སྐུལ་འདེད་གཏོང་བའི་བོད་ཀྱི་བྱེད་ཐབས་བཟང་པོར་སློབ་སྦྱོང་བྱས་ནས་མཚོ་སྔོན་གྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ཟམ་མི་ཆད་པར་སྐས་རིམ་གསར་པར་སླེབས་པ་སྐུལ་འདེད་གཏོང་རྒྱུ་ཡིན། བོད་དུ་སྤེལ་བའི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཐད་ཀྱི་བོད་ཀྱི་བྱེད་ཐབས་བཟང་པོར་སློབ་སྦྱོང་དང་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱེད་ཐབས་དཔྱད་གཞིར་འཛིན་ནས་བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་ཏན་ཏིག་ཐོན་པར་སྐུལ་འདེད་གཏོང་རྒྱུ་ཡིན། ཕྱོགས་གཉིས་པོས་མཉམ་ལས་ཀྱི་རྨང་གཞི་བཟང་པོའི་ཐོག་ཞིང་ལྗོངས་གཉིས་ཀྱི་འཐབ་ཇུས་མཉམ་ལས་གལ་ཆེན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ལེགས་ཆ་གསབ་རེས་དང་གཉིས་ཁེ་གཉིས་ཕན་གྱི་ལམ་བུར་མཉམ་དུ་བསྐྱོད་རྒྱུའི་རེ་བ་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་ཞིང་ལྗོངས་གཉིས་ཀྱིས་མིག་རྒྱང་དེ་བས་རིང་བ་དང་བཀོད་པ་དེ་བས་ཆེ་བའི་སྒོ་ནས་ཕྱོགས་གཉིས་པོའི་རིམ་པ་མང་བ་དང་། ཁྱབ་ཁོངས་ཁག ཕྱོགས་མང་བཅས་ཀྱི་མཉམ་ལས་ཇུས་འགོད་དང་སྐུལ་འདེད་བཏང་ནས་ས་གནས་གཉིས་ཀྱི་འབྲེལ་བ་དེ་བས་དམ་ཟབ་དང་ས་གནས་གཉིས་ཀྱི་མི་དམངས་ཀྱི་བརྩེ་བ་དེ་བས་ཟབ་ཏུ་འགྲོ་རྒྱུར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་པ་རེད།

    ཝང་ཅན་ཅུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་ཚན་རིག་དང་མཐུན་པའི་ནང་དོན་ངེས་པར་དུ་སྙིང་རུས་ཆེན་པོས་གོ་བ་བླངས་ནས་མཚོ་བོད་ས་མཐོའི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་དམིགས་པ་དང་། བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་དམ་འཛིན། ཞིང་ལྗོངས་གཉིས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་མཐུན་སྦྱོར་གཞོགས་འདེགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ས་གནས་གཉིས་ཀྱི་སྤྱི་ཚོགས་དུས་བབ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་གི་སྒོ་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་ཕྱག་རྟགས་འབུལ་དགོས་ཞེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ཏེ་དུས་ཡུན་རིང་པོའི་ནང་མཚོ་སྔོན་ཞིང་ཆེན་གྱིས་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ཁྱིམ་མཚེས་དང་སྤུན་ཟླ་ཡག་པོ་ཡིན་པའི་མཚོ་སྔོན་གྱིས་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་མེས་རྒྱལ་གྱི་མཐའ་སྲུང་སྲ་བརྟན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། དུས་རབས་གསར་པར་སླེབས་ཚུན་མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་ཀྱིས་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་སྤྱི་འདོམས་སྐུལ་འདེད་བཏང་བར་བརྟེན་དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་དང་། མི་དམངས་འཚོ་བ་ཆེས་ཆེར་ལེགས་སུ་ཕྱིན་པ། བྱ་གཞག་ཁག་གོམ་ཞེང་ཆེན་པོས་མདུན་སྐྱོད་བཅས་ཀྱི་རྣམ་པ་གསར་པ་བཏོད་ཡོད། ད་ཐེངས་མཚོ་སྔོན་དུ་སློབ་སྦྱོང་དང་བརྟག་ཞིབ་བྱས་རྗེས། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཆེ་མོ་མིག་མཐོང་ལག་ཟིན་བྱུང་ལ། སློབ་སྦྱོང་དང་བརྟག་ཞིབ་བྱས་པ་བརྒྱུད། མྱོང་ཚོར་ཟབ་མོའང་བྱུང་ལ། དུས་རབས་གསར་པར་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་བསམ་པ་སྔར་བས་ཆེ་རུ་ཕྱིན་པ་མ་ཟད། དེ་ཐེངས་ཀྱི་བྱེད་སྒོ་ནི་ཧེ་བག་ཤེས་རྟོགས་དང་། འདུ་ཤེས་སྒྱུར་བ། བློ་སྒོ་འབྱེད་པ་བཅས་ཀྱི་རྩ་ཆེའི་བྱེད་སྒོ་ཞིག་ཀྱང་རེད། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱེད་པའི་ཐད་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་དང་། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ། ཤེས་ལྡན་མི་སྣར་གཅེས་སྤྲད་དང་ཡག་པོ་སྤྱོད་པ་སོགས་ཀྱི་ལས་དོན་ནང་བསགས་པའི་ཉམས་མྱོང་དང་བྱེད་ཐབས་བཟང་པོར་བོད་ཀྱིས་ནན་ཏན་ངང་སློབ་སྦྱོང་དང་དཔྱད་གཞིར་འཛིན་ཆོག་པ་ཞིག་འདུག་ཅེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས་མཚོ་སྔོན་དང་བོད་དབར་རི་ཆུ་དང་། མི་ཆོས་རིག་གནས། ཁྲག་རྒྱུན་བཅས་ཀྱིས་སྦྲེལ་ཡོད། ཕྱོགས་གཉིས་པོས་གཉིས་ཁེ་གཉིས་ཕན་གྱི་སྒོ་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དམིགས་ཚད་དུ་བྱས་ཏེ་ལམ་ཐིག་རི་མོ་ཡག་པོ་བཟོས་ནས་ལེགས་ཆ་གསབ་རེས་ཆེ་རུ་གཏོང་བ་དང་འབྲེལ་མཐུད་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མཉམ་དུ་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། ཤེས་ལྡན་མི་སྣའི་ཐོན་ཁུངས་མཉམ་སྤྱོད། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་། ས་མཐོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་སོགས་ཐད་ཕྱོགས་མང་མཉམ་ལས་བྱས་ཏེ། གཉིས་ཁེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་བཏོད་དེ་ཞིང་ལྗོངས་གཉིས་ཀྱི་བྱ་གཞག་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་འགྲོ་ཆེད་ལེགས་སྐྱེས་གསར་པ་ཕུལ་ཏེ་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག་ལིའུ་ཉིང་དང་ཆེ་དགྲ་ལྷས་ཞིང་ལྗོངས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ཁག་སོ་སོར་ངོ་སྤྲོད་གནང་ཞིང་། ཞིང་ལྗོངས་གཉིས་ཀྱིས《བོད་ལྗོངས་དང་མཚོ་སྔོན་གྱི་ཞིང་འབྲོག་ལས་འཕེལ་རྒྱས་སྤེལ་རེས་མཉམ་ལས་གྲོས་མཐུན》ལ་མཉམ་དུ་མིང་རྟགས་བཀོད་པ་རེད།

    མཚོ་སྔོན་དུ་བཞུགས་རིང་། རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་དགོན་ལུང་རྫོང་ཧོར་རིགས་རང་སྐྱོང་རྫོང་སོགས་སུ་ཕེབས་ཏེ་ས་གནས་ཀྱི་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ལས་སྣོན་ཞིབ་ཚགས་དང་། ཡུལ་སྐོར་རིག་གནས། དྭངས་གཙང་ནུས་རྒྱུ་སོགས་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་སློབ་སྦྱོང་དང་བརྟག་ཞིབ་གནང་ནས་བསམ་བློར་སྔར་བས་བཅིངས་འགྲོལ་དང་། འདུ་ཤེས་གསར་འབྱེད། མིག་རྒྱང་རིང་དུ་བཏང་བ་བཅས་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།