[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཏིང་ཡེ་ཤན་གྱིས་ལྷ་ས་གྲོང་ཁྱེར་དུ་དགོན་སྡེའི་དོ་དམ་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-20

    ཚེས་18ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་སྔ་རྗེས་སུ་འབྲས་སྤུངས་དགོན་དང་། སེ་ར་དགོན། ར་མོ་ཆེ་གཙུག་ལག་ཁང་། ལྷ་ལྡན་གཙུག་ལག་ཁང་བཅས་སུ་ཕེབས་ཏེ་དགོན་སྡེ་དོ་དམ་ལས་དོན་སྤེལ་བའི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་བསྟན་ཁོ་དང་། ཧོ་ཝུན་ཧའོ། པད་མ་དབང་འདུས་བཅས་ལྷན་དུ་བརྟག་ཞིབ་ལ་ཕེབས་ཡོད་པ་རེད།

    བརྟག་ཞིབ་གནང་རིང་ཏིང་ཡེ་ཤན་གྱིས་ཉེ་བའི་ལོ་ཤས་རིང་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་། ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་མི་སྣ། རྒྱ་ཆེའི་གྲྭ་བཙུན་བཅས་ཀྱིས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས“ཚད་གཞི་བཞིར་བརྩི་སྲུང་ཞུས་ནས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད”ཅེས་པའི་སློབ་གསོ་ལག་ལེན་བྱེད་སྒོ་ཏན་ཏིག་ངང་སྤེལ་ཏེ་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་པའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ཆོས་ལུགས་ཁྱབ་ཁོངས་དང་ལྷག་པར་དུ་བོད་བརྒྱུད་ནང་བསྟན་ཁྱབ་ཁོངས་ཀྱི་རྒྱུན་གཏན་སྒྲིག་ལམ་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་ཐུབ་པ། ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་འགན་ལེན་ཐུབ་པ་མ་ཟད། སྤྱི་ཚོགས་བཅོས་སྐྱོང་དེ“བརྟན་ལྷིང་ཐད་གཞན་སྐུལ”ནས“རང་འགུལ”དུ་འགྱུར་རྒྱུར་སྔར་བས་སྐུལ་མ་ཐེབས་པ་དང་མི་རིགས་ཁག་དང་ལས་རིགས་ཁག་གིས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་ཐུན་མོང་གི་ངོས་འཛིན་དང་སྟོབས་ཤུགས་སྔར་བས་གོང་བུ་གཅིག་ཏུ་འགྲིལ་ཡོད་ཅེས་གསུངས་པ་རེད། ཏིང་ཡེ་ཤན་གྱིས་ནན་བཤད་གནང་དོན། རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་དང་། “ཁྲིད་སྟོན”ལ་ཤུགས་སྣོན་ནུས་ལྡན། གྲྭ་བཙུན་གྱི་ཁྲིམས་སྲུང་རྒྱུན་ཆད་མེད་པར་འདུ་ཤེས་ཟབ་ཏུ་གཏོང་བ། རང་རྟོགས་ངང་ཁྲིམས་གཏན་འཁེལ་བའི་འོས་འགན་ལག་བསྟར། 《ཆོས་ལུགས་ལས་དོན་གྱི་སྲོལ་ཡིག》དང《བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་དོ་དམ་བྱ་ཐབས》ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་བ་བཅས་ལ་སློབ་གསོ་ཁྲིད་སྟོན་བྱེད་དགོས་པ་དང་། ཁྲིམས་ལྟར་དོ་དམ་དང་། དམངས་གཙོའི་དོ་དམ། སྤྱི་ཚོགས་ཅན་གྱི་དོ་དམ་བཅས་ཟུང་འབྲེལ་དམ་ཟབ་མཐའ་འཁྱོངས་བྱས་ཏེ་ཁྲིམས་སྐྱོང་གི་འདུ་ཤེས་དང་། ཁྲིམས་སྐྱོང་གི་བསམ་གཞིག ཁྲིམས་སྐྱོང་གི་བྱ་ཐབས་བཅས་ལ་བརྟེན་ནས་ཆོས་ལུགས་ཀྱི་ལས་དོན་ལ་དོ་དམ་དང་། དགོན་སྡེའི་དོ་དམ་ཁྲིམས་ལུགས་ཅན་དང་། ཚད་ལྡན་ཅན། ཚན་རིག་ཅན་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་ཀྱིས་རིག་དངོས་སྲུང་སྐྱོང་བེད་སྤྱོད་དང་མེ་ཟོན་བདེ་འཇགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་མི་སྣ་དང་རྒྱ་ཆེའི་གྲྭ་བཙུན་གྱིས་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་ཕུལ་བྱུང་སྲོལ་རྒྱུན་མུ་མཐུད་དར་སྤེལ་བཏང་ནས། དད་ལྡན་མང་ཚོགས་ཀྱིས“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱས་ཏེ། “མོས་སེམས་ལྔ”རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་། རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། མི་རིགས་ཁ་ཕྲལ་ལ་ངོ་རྒོལ་བཅས་བྱེད་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། “ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།