[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་པ།

    སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ཏན་ཏིག་བསྒྲུབས་ཏེ་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་བསུ་བ་ཞུ་དགོས།

    ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-09

    རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་སུ་དམག་དོན་གྱི་སྲིད་ཇུས་དང་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་དྲུག་པ་བྱེད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཀྲུའུ་ཞི་དབང་དབྱང་གིས་མི་རིགས་ལས་དོན་གསར་གཏོད་དང་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན། ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་13པས་བོད་རང་སྐྱོང་ལྗོངས་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་ཚུལ་གྱི་བརྡ་ལན་ཚོགས་འདུའི་དགོངས་དོན། རྒྱལ་ཡོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཚོགས་འདུའི་དགོངས་དོན། དམག་དཔུང་གི་རིན་ལྡན་ཞབས་ཞུ་ཕྱོགས་ཡོངས་ནས་མཚམས་འཇོག་བྱེད་པའི་ལས་དོན་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་དང་དམག་དཔུང་གི་རྒྱུ་ནོར་དོ་དམ་ཀུང་སིར་རྒྱུ་ནོར་ལས་འགན་རྩིས་སྤྲོད་ཀྱི་བཀོད་སྒྲིག་ཚོགས་འདུའི་དགོངས་དོན། མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུ་དང་ཞིང་ཆེན་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་འགའ་ཞིག་གི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། རང་ལྗོངས་ཀྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་ཀྱང་བྱས་ཤིང་། 《2019ལོའི་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་རྒྱུག་བྱས་ཚུལ་དང་དེ་བཞིན་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་གྱི་གྲོས་འགོ་སྙན་སེང་ཞུ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཏང་ཙུའི་དགོངས་སྐོར》དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི《ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ལ་ཞིབ་འཇུག་བྱས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། དམག་དོན་གྱི་སྲིད་ཇུས་དང་ལམ་ལུགས་ནི་རང་རེའི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་འགན་ལེན་གལ་ཆེན་ཞིག་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་གཉིས་བཀུར་ལས་དོན་ནན་ཏན་ངང་ཡག་པོ་བསྒྲུབས་ཏེ། དམག་དམངས་མཉམ་འདྲེས་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཁག་ཡག་པོ་སྒྲུབ་པ། དཔུང་སྡེའི་དཔོན་དམག་དང་དམག་ཞབས་ཐིམ་པའི་དམག་མིའི་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་ཡག་པོ་སེལ་བ་བཅས་བྱས་ནས་དམག་གིས་དམངས་ལ་གཅེས་པ་དང་དམངས་ཀྱིས་དམག་ལ་བཀུར་བའི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།

    ཚོགས་འདུའི་ཐོག་རང་ལྗོངས་ཀྱི་མི་རིགས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་འབྲེལ་ནན་བཤད་ཀྱང་བྱས་དོན། མི་རིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། ཀྲུའུ་ཞི་དབང་དབྱང་གིས་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བའི་མི་རིགས་ལས་དོན་གསར་གཏོད་དང་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་པ། བོད་ཀྱི་མི་རིགས་ལས་དོན་གྱི་དམིགས་བསལ་རང་བཞིན་ཁོང་དུ་ཡང་དག་ཆུད་པར་བྱེད་པ། བོད་ཀྱི་ལས་དོན་མཐའ་དག་མི་རིགས་ལས་དོན་དང་འབྲེལ་བ་དམ་ཟབ་ཡོད་པའི་ངོས་འཛིན་གཏིང་ཟབ་ཐུབ་པར་བྱེད་པ་བཅས་བྱས་ཏེ་མི་རིགས་ལས་དོན་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་དགོས།

    ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་གྱིས་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱས་ཏེ་ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། དད་མོས་ལ་བརྩི་འཇོག་དང་ཁྲིམས་ལྟར་དོ་དམ་མཐའ་འཁྱོངས་དང་། ཡུན་རིང་མཐའ་འཁྱོངས། གོམས་གཤིས་འཇགས་པ་བཅས་བྱས་ཏེ་དར་ཆ་གསལ་སྟོན་གྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་སྤྱད་པ་ལས་ཐོན་པའི་ཤུགས་རྐྱེན་ངན་པ་མེད་པར་བཟོས་ནས་མང་ཚོགས་ཀྱིས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་རྒྱུར་ཁྲིད་སྟོན་བྱེད་དགོས།

    ཚོགས་འདུའི་ཐོག་བསྟན་དོན། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་བྱེད་འགོ་བཙུགས་ཚུན། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་འགན་འཁུར་ཕོད་པ་དང་བྱས་རྗེས་ཧུར་ཐག་བཞག་པ་ལས། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལ་གྲུབ་འབྲས་ཡག་པོ་ཐོབ་ཡོད། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། དྲང་ཕྱོགས་ནས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། ནག་སེལ་གཤེད་བཅོམ་གྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་བ། ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་པའི་རྒྱུགས་ཤོག་ཅིག་འབད་བརྩོན་ཆེན་པོས་འབུལ་བ་བཅས་ཀྱི་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་དགོས།

    ཚོགས་འདུའི་ཐོག་བསྟན་དོན། རང་ལྗོངས་ཀྱི་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་རྒྱུག་གི་གནས་ཚུལ་སྤྱིར་ན་ལེགས་པ་དང་དཔལ་འབྱོར་ཡུན་རིང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་རྣམ་པར་འགྱུར་བ་བྱུང་མེད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། སྤྱི་ཚོགས་ཀྱིས་མ་དངུལ་འཇོག་པར་སྐུལ་འདེད་གཏོང་བ། དངུལ་རྩའི་མ་དངུལ་འཇོག་རྒྱ་ཆེ་རུ་གཏོང་བ། ཏང་ཀྲུང་དབྱང་གིས་རང་ལྗོངས་ལ་གཏན་འཁེལ་གནང་བའི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་དམ་འཛིན་ནན་པོ། ལེགས་ལྡན་ཐོན་ལས་འཕེལ་རྒྱས་མགྱོགས་པོ་གཏོང་བ། དབུལ་སྐྱོར་ཐོན་ལས་ཀྱི་ཕན་འབྲས་འདོན་སྤེལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། ཞིང་འབྲོག་ཚན་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་པོ། ནས་ཀྱི་ཐོན་འཕར་ལ་སྐུལ་འདེད་གཏོང་བ། འབྲི་གཡག་བཤས་གཏོང་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་ཏན་ཏིག་གཏོང་དགོས། མཐོ་སློབ་སློབ་ཐོན་སློབ་མའི་སྲིད་གཞུང་གི་ལས་ཞུགས་དང་ཁྲོམ་རའི་ལས་ཞུགས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་ཆབས་ཅིག མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་སྲིད་ཇུས་སྔར་བས་ལེགས་སུ་བཏང་ནས་མཐོ་སློབ་སློབ་ཐོན་སློབ་མ་ཁེ་ལས་སུ་ལས་ཞུགས་དང་། གཞུང་གི་ལས་གནས་སུ་ལས་ཞུགས། ལྗོངས་ཕྱིར་ལས་ཞུགས། གཞི་རིམ་དུ་ལས་ཞུགས། རང་ཚུགས་ལས་ཞུགས་བཅས་ཀྱི“གནས་མང་གཞི་གཅིག”གི་ལས་ཞུགས་རྣམ་པ་ཞིག་ཆགས་པར་བྱེད་དགོས།

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི《ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ལ་རྩ་དོན་ཐོག་ནས་གྲོས་འཆམ་བྱུང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། རིམ་ཁག་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ནན་ཏན་དང་ཡག་པོ་བྱས་ཏེ་རྒྱལ་ཡོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཚོགས་འདུའི་དགོངས་དོན་གཞིར་བཟུང་། སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན། ཞབས་ཞུ་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཞུགས་བཀོད་སྒྲིག་ཡག་པོ་བཅས་བྱེད་དགོས།

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་དང་ལྷག་པར་དུ་གྲོང་ཁྱེར་དང་ས་ཁུལ་7གྱིས་དམག་དཔུང་གི་རིན་ཡོད་ཞབས་འདེགས་ཕྱོགས་ཡོངས་ནས་མཚམས་འཇོག་བྱེད་པའི་ལས་དོན་སྤེལ་རིང་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་རེད།

    ཚོགས་འདུའི་ཐོག་རང་ལྗོངས་ཀྱི་སྲིད་གྲོས་ལས་དོན་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་འབྲེལ། མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུ་དང་ཞིང་ཆེན་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་འགའ་ཞིག་གི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་དང་། མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་70སོང་རིང་གི་རྩ་ཆེའི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་ཡག་པོ་དང་དྲིལ་བསྒྲགས་ཡག་པོ། ཞིང་ཆེན་དང་གྲོང་ཁྱེར་གཞན་དག་གི་སྲིད་གྲོས་ལས་དོན་གྱི་ཉམས་མྱོང་ཡག་པོ་དང་བྱེད་ཐབས་ཡག་པོ་ལ་སློབ་སྦྱོང་ནན་ཏན་བཅས་བྱས་ཏེ་སྲིད་གྲོས་ཀྱི་ལས་དོན་སྤུས་མཐོ་ནུས་ཆེ་ཡོང་བར་ཟམ་མི་ཆད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་ཀྱང་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།