[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝུའུ་དབྱིང་ཅེ་སོགས་རང་སྐྱོང་ལྗོངས་འགོ་ཁྲིད་ཀྱིས་རང་སྐྱོང་ལྗོངས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཏང་སྲོལ་སྲིད་གཙང་གི་ཉེན་ཟོན་སློབ་གསོའི་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-17

    642439_yis_1563245154215.jpg

    ཟླ་7ཚེས་15ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་རང་སྐྱོང་ལྗོངས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཏང་སྲོལ་སྲིད་གཙང་གི་ཉེན་ཟོན་སློབ་གསོའི་འགྲེམས་སྟོན་ལ་གཟིགས་སྐོར་གནང་ཞིང་། འདི་ནི་ཝུའུ་དབྱིང་ཅེ་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ཉེན་ཟོན་སློབ་གསོའི་འགྲེམས་སྟོན་ལ་གཟིགས་སྐོར་གནང་བཞིན་པ།

    ཚེས་15ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་རང་སྐྱོང་ལྗོངས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཏང་སྲོལ་སྲིད་གཙང་གི་ཉེན་ཟོན་སློབ་གསོའི་འགྲེམས་སྟོན་ལ་གཟིགས་སྐོར་གནང་ཞིང་། ཁོང་གིས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ་དང་། སྔ་ཕྱི་བར་གསུམ་དུ“བརྟན་པོ་འཛུགས་དགོས་པ་གསུམ”ཐུབ་པ་བྱེད་པ། ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་བློ་ཡིད་ཚིམ་པའི་ཏང་ནན་པོས་སྐྱོང་བའི་དུས་རབས་ཀྱི་རྒྱུགས་ལན་ཞིག་འབུལ་དགོས་པའི་ནན་བཤད་གནང་བ་རེད། 

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་བསྟན་ཁོ་དང་། ཅང་ཅེ། སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་། ཝང་ཝུའེ་ཏུང་བཅས་གཟིགས་སྐོར་ལ་ལྷན་དུ་ཕེབས་པ་རེད། 

    “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཏང་སྲོལ་སྲིད་གཙང་གི་ཉེན་ཟོན་སློབ་གསོའི་འགྲེམས་སྟོན་དེ“ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་བ”དང་། “སྤྱོད་གཙང་རུལ་རྒོལ་དང་སྒྲིག་ཁྲིམས་ལ་གོང་བཀུར”“གྱོད་དཔེ་དྲངས་པ་དང་ཉེན་བརྡ་རྒྱུན་སྒྲོག”“འགྱོད་བཤགས་ཀྱི་སྐད་སྒྲ་དང་ཧ་གོ་དོན་རྟོགས”བཅས་ནང་དོན་བཞི་ལ་ཕྱེ་བ་དེའི་ནང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་རྩད་ཞིབ་བྱས་པའི་སྒྲིག་འགལ་ཁྲིམས་འགལ་གྱི་དཔེ་མཚོན་གྱོད་དཔེ་ཁག་གཅིག་བསྟན་ཡོད། དེའི་དམིགས་ཡུལ་གཙོ་བོ་ནི་བསྡུར་བ་དང་རང་བཤེར་གྱི“སྒྲིག་ལམ་དང་སྤྱོད་ཚུལ་གྱི་མེ་ལོང”ཞིག་བཏོད་ནས་ལྡོག་ཕྱོགས་ཀྱི་དཔེ་མཚོན་ཉེན་ཟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཉེན་ཟོན་གྱི་དྲན་སྐུལ་གཏོང་བ་དང་། མཐའ་ཚད་གསལ་པོ་རྟོགས་པ། གུས་སྐྲག་ཤེས་པ་བཅས་བྱེད་པ་དང་། འཇིག་རྟེན་གྱི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་ཀྱི“གཅུས་སྒོ་ཨ་མའི”གནད་དོན་ཐག་གཅོད་ཡག་པོ་བྱེད་པ། བསམ་བློའི་ཐད་དམར་ཐིག་གསལ་པོ་འཐེན་པ་དང་། བྱ་སྤྱོད་ཐད་དབྱེ་མཚམས་གསལ་པོ་འབྱེད་པ། བཅའ་ཁྲིམས་ལ་བཀུར་བ་དང་སྒྲིག་ཁྲིམས་ལ་སྐྲག་པ། སྒྲིག་བཀུར་ཁྲིམས་སྲུང་བཅས་བྱས་ནས་རང་འགུལ་ངང་སྤྱོད་གཙང་གཞུང་དྲང་གི་མིག་དཔེ་འདོན་ཆེད་ཡིན་པ་རེད། 

    ནང་དོན་ཕུན་སུམ་ཚོགས་པའི་ཉེན་ཟོན་སློབ་གཞི་དང་། ཞིབ་ཅིང་ཕྲ་བའི་གྱོད་དཔེ་དབྱེ་ཞིབ། པར་རིས་མཉམ་བཀོད་ཀྱི་འགྲེམས་པང་། བརྒྱུད་ལམ་སྣེ་མང་སྨྱན་སྦྱོར་ལག་རྩལ་གྱིས་རམ་འདེགས་བཅས་མངོན་པས་འགྲེམས་སྟོན་ལས་གཟིགས་སྐོར་དུ་ཕེབས་མཁན་ཚོར་སྲིད་གཙང་གི་སློབ་གསོ་ཟབ་མོ་ཞིག་ཐེབས་ཡོད་པ་རེད། ཝུའུ་དབྱིང་ཅེས་གཟིགས་སྐོར་གནང་སྐབས། གྱོད་དཔེ་དེ་དག་ཁྲོད་ཀྱི་རུལ་སུངས་མི་སྣས་དེ་སྔ་ལས་གནས་མི་འདྲ་བའི་ཐོག་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་ལེགས་སྐྱེས་ཕུལ་མྱོང་ཡོད། ད་ཆ་ཁྲིམས་འགལ་ཉེས་གསོག་གི་ལམ་བུའི་ཐོག་བསྐྱོད་ནས་མི་དམངས་ཀྱི་ཉེས་ཅན་པར་གྱུར་ཡོད། དེས་ང་ཚོར་བསམ་གཞིག་དང་ཉེན་བརྡ་མང་པོ་སྤྲད་ཡོད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པ་ཚོས་གྱོད་དཔེ་དཔྱད་གཞིར་འཛིན་པ་དང་རང་སྐྱོན་རང་བཤེར་གྱིས་གཞན་གྱི་གྱོད་གཞི་རང་ཉིད་ཀྱི་བསླབ་བྱར་དངོས་འབྲེལ་བརྩི་བ་དང་། དུས་དང་རྣམ་པ་ཀུན་ཏུ་ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་ཁྲིམས་སྒྲིག་ལམ་དང་གུང་ཁྲན་ཏང་ཡོན་གྱི་ཚད་གཞིས་རང་ཉིད་ལ་བླང་བྱ་འདོན་པ། དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་འགའ་ཞིག་དང་སྤྱོད་གཙང་རང་འདོམས་ཀྱི་ཚད་གཞི་ལག་བསྟར་ནན་པོ་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་བྱ་རྒྱུར་སྣེ་ཁྲིད་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་རང་བརྩི་རང་བཤེར་དང་རང་ཟོན་རང་སྐུལ་བྱེད་པ། ལག་ནང་གི་དབང་ཆ་ཡང་དག་སྤྱོད་པ། རང་ཉིད་ཀྱི་དབང་ཆ་གཟབ་ནན་ངང་ཡག་པོ་སྤྱོད་པ། ག་དུས་ཡིན་རུང་དམིགས་བསལ་མི་བྱེད་པ་དང་དབང་ཆར་བརྟེན་ནས་སྒེར་དོན་མི་སྒྲུབ་པ། ཐོག་མཐའ་བར་གསུམ་དུ་སྲོལ་ངན་འགོག་ཐུབ་པ་དང་། དཀའ་ངལ་བཟོད་ཐུབ་པ། བསླུ་བྲིད་འགོག་ཐུབ་པ། སྤྱོད་བཟང་སྲུང་ཐུབ་པ་བཅས་བྱས་ནས་ལྷག་བསམ་རྣམ་དག་དང་དྭངས་གཙང་། འགན་འཁུར་ཕོད་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད། 

    ཝུའུ་དབྱིང་ཅེས་བླང་བྱ་བཏོན་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱས་ནས་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཀྱི་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས་པ་སྟེ། གཅིག་ནས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་དུ་བཏང་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ཁྲིམས་ནན་པོ་སྲུང་རྒྱུ་དེ་ཆབ་སྲིད་འཛུགས་སྐྱོང་གི་ནང་དོན་གལ་ཆེན་ཞིག་ལ་བརྩི་བ་དང་། ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་མཚོན་ཚུལ་ལ་རྟོག་ཞིབ་བྱ་རྒྱུར་དོ་སྣང་བྱེད་པ། ཏང་ཡོན་ལས་བྱེད་པའི་དཔུང་ཁག་ཁྲོད་ཀྱི“མགོ་གཉིས་པ”དབྱེ་འབྱེད་ཀྱིས་ཕྱིར་འབུད་མཐའ་གཅིག་ཏུ་བྱེད་དགོས་པ་དང་། གཉིས་ནས་ཕུགས་བསམ་དང་དད་སེམས་བརྟན་པོ་དེ་དུས་རབས་གསར་པའི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་སུ་སྒྱུར་བ་བྱས་ནས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”ལ་ཟམ་མི་ཆད་པར་དུས་རབས་གསར་པའི་ནང་དོན་བསྣན་དགོས། གུང་ཁྲན་ཏང་ཡོན་གྱིས་ཆོས་ལུགས་ལ་དད་པ་བྱེད་མི་ཆོག་པ་དང་ཆོས་ལུགས་བརྒྱུད་བསྒྲགས་དང་འཕེལ་རྒྱས་དེ་བས་གཏོང་མི་ཆོག་པའི་གཏན་འབེབས་ནན་པོ་བསྲུངས་ནས་ཏང་ཡོན་གྱི་སློབ་གསོ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ཏང་ཡོན་གྱིས་ཆོས་ལུགས་ཁྲོད་ནས་རང་ཉིད་ཀྱི་རིན་ཐང་དང་དད་སེམས་འཚོལ་རྒྱུ་གཏན་འགོག་བྱེད་དགོས་པ། གསུམ་ནས་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱིས་ལྟ་བ་བརྟན་པོ་བཙུགས་ཏེ་དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་བྱེད་པ་དང་མང་ཚོགས་ལ་སྟབས་བདེ་དང་དངོས་ཕན་བསྐྲུན་རྒྱུ་མཐའ་འཁྱོངས་བྱས་ནས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་། དཀའ་གནད་སེལ་བ། བྱ་བ་བཟང་པོ་བཅས་མང་ཙམ་སྒྲུབ་པ་དང་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་བྱེད་དགོས། འཚོ་བ་སྐྱེལ་མཁས་པོ་བྱེད་པའི་བསམ་བློ་བརྟན་པོ་འཛུགས་པ་དང་ཧུར་བསྲི་གྲོན་ཆུང་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཀྲུང་དབྱང་གིས་བོད་ལ་ཐུགས་ཁུར་གནང་བ་དང་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་ཀྲུང་དབྱང་ཁེ་ལས་ཀྱིས་བོད་ལ་རྒྱབ་སྐྱོར་བྱས་པའི་དངུལ་སྐར་མ་གཅིག་ཀྱང་ཡག་པོ་སྤྱོད་པ་དང་ཕན་འབྲས་ཐོན་པ་བྱེད་དགོས་པ། བཞི་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ལ་སྐུལ་འདེད་གཏོང་བ་དང་། དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གྱི་ཆེད་དོན་བཅོས་སྒྲིག་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་བཅས་བྱས་ནས་གངས་ལྗོངས་ས་མཐོའི་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་གཏོད་དགོས་པ་བཅས་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།