[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝུའུ་དབྱིང་ཅེས་ནག་ཆུ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

    དོན་དངོས་ལ་གཞི་ཚུགས་པ་དང་ཁྱད་ཆོས་འབུར་དུ་ཐོན་པ། བསམ་བློར་བཅིངས་འགྲོལ་གྱིས་བྱེད་ཕོད་པ་དང་སྒྲུབ་ཕོད་པ་བཅས་ཀྱི་སྒོ་ནས་ནག་ཆུའི་དོན་དངོས་དང་མཐུན་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཏུ་ཧུར་ཐག་བསྐྱོད་དགོས་ཞེས་ནན་བཤད་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-01

    555106_yis_1538281990819.jpg

    ཟླ་9ཚེས་27དང་28ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་དུ་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་ཚོར་བྱམས་བརྩེའི་ངང་གཟིགས་པ་མ་ཟད། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་དང་བརྟག་ཞིབ་ཀྱང་གནང་བ་རེད། འདི་ནི་ཝུའུ་དབྱིང་ཅེས་སྤོ་ཆེ་ཤང་རག་འཐབ་གྲོང་ཚོར་ཡུལ་དེ་གའི་མང་ཚོགས་དང་། གྲོང་ཚོ“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ།

    ཚེས་27ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ནག་ཆུ་གྲོང་ཁྱེར་དུ་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལས་དོན་གནས་ཚུལ་སྐོར་གྱི་སྙན་སེང་གསན་ཞིང་། ཁོང་གིས“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང“གདེང་ཚོད་བཞི”བརྟན་དུ་བཏང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱེད་པ། བོད་ཀྱི་ལས་དོན་གྱི་དམིགས་ས་དང་། ཤུགས་རྒྱག་ས། འགོ་འཛུགས་ས། དོན་ལ་བབས་ས་བཅས་ལ་དམིགས་པ་དང་ཤུགས་སྣོན་རྒྱག་པ། དོན་དངོས་ལ་གཞི་ཚུགས་པ་དང་ཁྱད་ཆོས་འབུར་དུ་ཐོན་པ་བྱེད་པ། བསམ་བློར་བཅིངས་འགྲོལ་གྱིས་བྱེད་ཕོད་པ་དང་སྒྲུབ་ཕོད་པ་བཅས་ཀྱི་སྒོ་ནས་ནག་ཆུའི་དོན་དངོས་དང་མཐུན་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཏུ་ཧུར་ཐག་བསྐྱོད་དགོས་ཞེས་ནན་བཤད་གནང་བ་རེད། 

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་ལྷན་དུ་ཕེབས་ཡོད་པ་རེད། 

    ཝུའུ་དབྱིང་ཅེས་ཉེ་བའི་ལོ་ཤས་རིང་ནག་ཆུའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་དང་ལས་དོན་ཁག་ལ་ཁས་ལེན་གང་ལེགས་གནང་ཞིང་། གོམ་སྟབས་རྗེས་མའི་ལས་དོན་ཐད་ཝུའུ་དབྱིང་ཅེས་བླང་བྱ་བཏོན་དོན། གཅིག་ནས་བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”བྱེད་ཐུབ་པ་དགོས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་ལ་སྲུང་སྐྱོང་བྱེད་པ་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་དེ་ཉིད་ཁ་གསལ་བའི་ཆབ་སྲིད་ཀྱི་ཚད་གཞི་དང་གཞི་རྩའི་ཆབ་སྲིད་ཀྱི་བླང་བྱར་བརྩི་རྒྱུ་མཐའ་འཁྱོངས་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ལས་བྱེད་མང་ཚོགས་ཚོའི་ཉེ་འགྲམ་གྱི་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ།  འཚོ་བ་གསར་པ་བཅས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་སྐྱོང་མཛད་ཇུས་དང་། མཐོ་གཟིགས་འོག་བསྐྱངས། མཁས་མཛངས་བློ་རིག མཛད་རྗེས་རླབས་ཆེན་བཅས་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་པ་དང་། མང་ཚོགས་ཚོར“མོས་སེམས་ལྔ”ཟབ་ཏུ་བཏང་ནས་རང་རྟོགས་ངང་ཏང་གི་བཀའ་དྲིན་བསམ་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པ་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གནས་བབ་སེམས་སུ་གཏིང་ཟབ་ཟུག་པར་བྱེད་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲག་རྒྱུན་ནང་ཟབ་མོར་འདྲེས་པར་བྱེད་དགོས་པའི་སློབ་གསོ་གཏོང་དགོས། 

    གཉིས་ནས་བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་འཕེལ་རྒྱས་ཡག་པོ་བཏང་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། བརྟན་ཐོག་ཡར་འཕེལ་དང་། ཡག་ཐོག་ལེགས་བརྩོན། ཞན་ཆ་གསབ་པ་བཅས་ཀྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། 

    གསུམ་ནས་བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ་དང་། གཏན་འཁེལ་ཟིན་པའི་བརྟན་ལྷིང་སྲུང་སྐྱོང་གི་བཀོད་སྒྲིག་དོན་འཁྱོལ་ལ་དམ་འཛིན་ལྷོད་མེད་བྱེད་པ། ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་དང“སྣེ་ཁྲིད”ཐད་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱེད་པ། “ཚད་གཞི་བཞི་བརྩི་སྲུང་ལག་བསྟར་བྱས་ཏེ་སྔོན་ཐོན་གྱི་གྲྭ་བཙུན་བརྩོན་ལེན་བྱེད”ཅེས་པའི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ་བཅས་བྱས་ཏེ་དད་ལྡན་མང་ཚོགས་ཚོར་དཔྱོད་ཤེས་ཀྱི་སྒོ་ནས་ཆོས་ལུགས་ལ་ལྟ་སྟངས་འཛིན་ཏེ་ཚེ་འདིའི་བདེ་སྐྱིད་ཀྱི་འཚོ་བ་དོན་གཉེར་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས་པ་དང་། མ་བྱུང་སྔོན་འགོག་གི་རྩ་དོན་ལ་བརྟེན་ནས་ལས་དོན་སྒྲུབ་པ་དང་། གནས་ཚུལ་ཆེན་པོ་ཐོན་རྒྱུ་སྔོན་འགོག་གི་རྨང་གཞི་འདིང་རྒྱུར་གྲ་སྒྲིག་བྱེད་པ། འགན་འཁྲི་འཁུར་ཕོད་པ་དང་འགན་འཁྲི་དོན་འཁྱོལ་བྱ་རྒྱུ་ཚད་གཞིར་འཛིན་ནས་ལས་བྱེད་པར་བལྟ་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ཏེ་སྤྱི་ཚོགས་བཅོས་སྐྱོང་ཐད“བརྟན་ལྷིང་གཞན་སྐུལ་ནས་རང་འགུལ་དུ་འགྱུར་བ”བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་ཞིག་གཏོད་དགོས།

    བཞི་ནས་བློ་བརྟན་འགྱུར་མེད་ངང་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱས་ཏེ་སྣོད་བཅུད་སྲུང་སྐྱོང་དང་འཕེལ་རྒྱས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་དང་། སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ། གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་དང་རྒྱལ་ཡོངས་མིག་མངས་འགྲིག་སྐོར་གཅིག་གི་བསམ་བློ་བརྟན་པོ་འཛུགས་པ། སྣོད་བཅུད་ཀྱི་མཐའ་ཚད་ནན་པོ་སྲུང་བ། སྣོད་བཅུད་སྲུང་སྐྱོང་དང་བཅོས་སྒྲིག་ཡག་པོ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། སྣོད་བཅུད་སྲུང་སྐྱོང་འདུ་འགོད་འཛུགས་སྐྲུན་བྱ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་གཙང་གསུམ་ཆུ་འགོ་སྲུང་སྐྱོང་དང་འབྲི་ཆུའི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ནང་རང་འགུལ་ངང་ཧུར་ཐག་ཞུགས་ཏེ་མཛེས་སྡུག་དང་འཕེལ་རྒྱས་གཉིས་ཀ་ཧུར་ཐག་ཡོང་བ་བྱེད་དགོས།

    ལྔ་ནས་བློ་བརྟན་འགྱུར་མེད་ངང་ཏང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་རྩ་འཛུགས་ཀྱི་ལམ་ཕྱོགས་ལག་བསྟར་བྱེད་པ་དང་། གནད་དོན་འཕྲད་སྐབས་ཐམ་མེ་ཐོམ་མེ་མི་བྱེད་པ་དང་། འགག་རྩའི་དུས་སུ་ནུས་པ་ཐོན་ཐུབ་པའི་གྲོང་ཚོ་ཨུ་ལྷན་གྱི་ཏང་རྩ་འཛུགས་འཛུགས་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ། སློབ་སྦྱོང་གི་རྣམ་པ་དང་། ཞབས་ཞུའི་རྣམ་པ། གསར་གཏོད་རྣམ་པ་བཅས་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་ཙག་ཙིག་དང་ཚུལ་མིན་སྤྱོད་ཚུལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ། སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་བསྐྲུན་པ་བཅས་བྱས་ནས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས། ལས་བྱེད་པས་འགན་འཁྲི་ཁུར་ཕོད་པའི་ངང་ལས་དོན་བསྒྲུབ་རྒྱུར་ལྕག་སྐུལ་དང་ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་བྱེད་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་ལས་བྱེད་པར་སེམས་ཁུར་དང་བྱམས་སྐྱོང་བྱས་ནས་དུས་རབས་གསར་པར་ལས་བྱེད་པས་འགན་འཁྲི་གསར་པ་འཁུར་ཕོད་པ་དང་བྱས་རྗེས་གསར་པ་འཇོག་པར་སྐུལ་ལྕག་བྱེད་དགོས།

    ཆ་སྙོམས་ས་བབ་མཐོ་ཚད་སྨི་4750ཡན་ཟིན་པའི་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་ནི་ས་བབ་མཐོ་ཤོས་དང་། གྲང་ངར་ཆེ་བ། ས་ཐག་རིང་ཤོས་བཅས་ཀྱི་ས་ཆ་ཞིག་ཡིན་པ་དང་། དེ་ནི་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་འགག་སྒྲོལ་ཁྲོད་ཀྱི་འགག་སྒྲོལ་དང་། དབུལ་ཕོངས་ཁྲོད་ཀྱི་དབུལ་ཕོངས། དཀའ་ངལ་ཁྲོད་ཀྱི་དཀའ་ངལ་ཞིག་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེའི་འབྲེལ་གཏུག་ས་ཚིགས་ཤིག་ཡིན་པས་ཁོང་གིས་ཐོག་མཐའ་བར་གསུམ་དུ་དཔལ་མགོན་རྫོང་ལ་ཐུགས་ཁུར་གནང་གི་ཡོད། ཟླ་9ཚེས་27དང་28ཉིན། ཝུའུ་དབྱིང་ཅེ་སླར་ཡང་འདི་གར་ཕེབས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་རྒྱ་ཆེའི་ལས་བྱེད་ལས་བཟོར་བྱམས་བརྩེའི་ངང་གཟིགས་པ་དང་འབྲེལ། དབུལ་སྐྱོར་གྱི་འགག་སྒྲོལ་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་རེད། ཁོང་འཁོར་ཁང་དུ་ཕེབས་ནས་ཐོན་སྐྱེད་འཕེལ་རྒྱས་ལ་གཟིགས་ཞིབ་དང་། ཚོང་ཁང་དུ་ཕེབས་ནས་སྲིད་ཇུས་དོན་འཁྱོལ་གནས་ཚུལ་མཁྱེན་རྟོགས། འབྲོག་དུད་དུ་ཕེབས་ནས་ཕྱུག་འགྱུར་གྱི་ཐབས་ཤེས་འདོན་པ། གྲོང་ཚོ་གྲོང་ལྷན་དུ་ཕེབས་ནས་གཞི་རིམ་གྱི་ལས་དོན་ལ་ཞིབ་བཤེར་བཅས་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་ལྷན་དུ་ཕེབས་ཡོད་པ་རེད།

    དཔལ་མགོན་རྫོང་སྣོད་བཅུད་སྐྱེ་ལྡན་ལུད་ཚན་རྩལ་ཚད་ཡོད་ཀུང་སི་དེ་རང་སྐྱོང་ལྗོངས་ཀྱི་སྐྱེ་ལྡན་ལུད་ཐོན་སྐྱེད་བཟོ་གྲྭ་ཉུང་བ་དང་འབྲོག་ཁུལ་དུ་ཁྱིམ་ལུད་ཐོན་ཁུངས་ཕུན་སུམ་ཚོགས་པའི་ལེགས་ཆར་བརྟེན་ནས་2016ལོར་གྲབས་བཙུགས་བྱས་པ་དང་། 2017ལོར་དངོས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་ནས་མིག་སྔར་གནས་དེ་གའི་མང་ཚོགས་དབུལ་པོར་ལས་ཞུགས་ལས་གནས་91མཁོ་འདོན་ཐུབ་ཡོད་པ་རེད། ཝུའུ་དབྱིང་ཅེས་ལས་བཟོའི་ས་ནས་སྐྱེ་ལྡན་ལུད་ཐོན་སྐྱེད་ཕྱིར་ཚོང་གི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་དང་། ཁོང་གིས་ཀུང་སིས་ཕུགས་ལ་དམིགས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་བསྟུན་ཏེ་ལས་སྒོ་སྤེལ་ཁྱོན་ཆེ་རུ་དང་སྤེལ་ཚད་མཐོ་རུ་རྒྱུན་ཆད་མེད་པར་གཏོང་བ་དང་། སྤྱི་ཚོགས་ཀྱི་འགན་འཁྲི་ཡག་པོ་སྒྲུབ་པ། བློ་སེམས་གཅིག་མཐུན་དང་ལག་གདང་སྦྲེལ་ནས་དབུལ་སྐྱོར་འགག་སྒྲོལ་ལ་རོགས་སྐྱོར་བཅས་བྱས་ནས་མང་ཚོགས་དབུལ་པོ་དེ་བས་མང་བ་དབུལ་སྒྲོལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་ཁྲིད་བྱེད་དགོས་པ་དང་། འབྲེལ་ཡོད་སྡེ་ཚན་ཁག་གིས་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་ཐུབ་པར་བྱས་ནས་ཁེ་ལས་རྒྱ་སྟོབས་ཆེ་རུ་དང་འཕེལ་རྒྱས་འགྲོ་ཆེད་ཁོར་ཡུག་བཟང་པོ་གཏོད་དགོས་པའི་ཐུགས་རེ་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཞིང་ཕྱུག་ཞིང་དར་དང་ཐོན་ལས་ཀྱི་སྲིད་ཇུས་རབ་དང་རིམ་པའི་རྒྱབ་སྐྱོར་འོག དཔལ་མགོན་རྫོང་གིས་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་མ་ལག་སྔོན་ལ་བཙུགས་པ་དང་གྲོང་གསེབ་ཀྱི་ཚོང་དོན་ཉོ་ཚོང་འཁོར་རྒྱུག་མ་ལག་བཙུགས་པ་དེས་ས་གནས་དེ་གའི་ཁྱད་ལྡན་ཐོན་ཟོག་རྩྭ་ཐང་ནས་ཕྱིར་གཏོང་དང་རྒྱལ་ཡོངས་ལ་བཏང་བ་མ་ཟད། རྒྱལ་ཡོངས་ས་གནས་ཁག་གི་ཁྱད་ལྡན་ཐོན་ཟོག་ཀྱང་བྱང་ཐང་གི་འབྲོག་པའི་ཁྱིམ་དུ་འབྱོར་ཡོད་པ་རེད། དཔལ་མགོན་རྫོང་དྲ་ཐོག་ཚོང་དོན་སྤྱི་པའི་ཞབས་ཞུའི་ལྟེ་གནས་ཀྱི་འགྲེམས་སྟོན་ཁང་དུ་སྐྱོད་སྐབས། ཚགས་ཤ་སོས་པ་དང་སྦྲང་རྩི་དང་དཔལ་མགོན་གྱི་གཡང་ཊི་སོགས་ཐོན་ཟོག་དྲ་ཐོག་ཚོང་ཁང་དང་ཟོམ་འགྲེམས་ལྟེ་གནས་བརྒྱུད་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་གཏོང་གི་ཡོད་པ་རེད། ཝུའུ་དབྱིང་ཅེས་དྲ་ཐོག་ཚོང་ཁང་གིས་དཔལ་མགོན་རྫོང་གི་ཡུལ་མིར་ཅ་དངོས་ཉོ་སྒྲུབ་བྱ་རྒྱུར་སྟབས་བདེ་སྐྲུན་པ་མ་ཟད། ཞིང་འབྲོག་པ་མང་ཚོགས་ཀྱི་ལག་ཤེས་བཟོས་རྫས་དང་ཕྱུགས་རིགས་ཀྱི་ཐོན་ཟོག་བྲིན་ཚོང་བྱ་རྒྱུར་ལས་སྟེགས་གལ་ཆེན་ཞིག་ཀྱང་གཏོད་ཡོད། བོད་ཀྱི་ཁྱད་ལྡན་ཐོན་ཟོག་གི་སྤུས་ཀ་ཡག་པོ་ཡོད་པས་ལྗོངས་ཕྱི་ནང་གི་འཛད་སྤྱོད་པས་དགའ་པོ་བྱེད་མོད། འོན་ཀྱང་གྲངས་ཚད་དང་འབོར་གྲངས་ཉུང་ཁར། ཟོག་འགྲེམས་ལྟེ་གནས་དང་བར་ཐག་རིང་བ་དང་མ་གནས་མཐོ་བར་བརྟེན་དྲ་ཐོག་ཚོང་དོན་གྱི་ལས་སྟེགས་དང་འགན་ནུས་སྡེ་ཚན་ཁག་གིས་དབུལ་སྐྱོར་བྱེད་པའི་ཐོག་མའི་བསམ་དོན་མ་བརྗེད་པ་དང་། གནད་སྨིན་གྱི་མཛད་ཇུས་མི་འཁྱོག་པ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཟོག་འགྲེམས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་མི་དང་། དངོས་ཟོག ལག་རྩལ། ཞབས་ཞུ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་ཚོང་ཐུབ་པ་དང་། སྐད་གྲགས་ཆོད་པ། ཚོང་ཟོག་རྒྱུན་མི་ཆད་པ་བཅས་ཡོང་བ་བྱེད་དགོས་ཞེས་གསུངས།

    ས་བབ་མཐོ་ཚད་སྨི་4980ཟིན་པའི་སྤོ་ཆེ་ཤང་དང་། ཤེ་སྒེར་ཤང་། བདེ་ཆེན་གྲོང་རྡལ་བཅས་སུ་སེམས་ཤུགས་ཀྱིས་ཁེངས་པའི་ཤང་གྲོང་གཞོན་སྐྱེས་ལས་བྱེད་པ་ཁག་གཅིག་ཡོད། ཁོང་ཚོས་འགན་འཁྲི་འཁུར་ཕོད་པ་བྱས་ནས་དཀའ་སྤྱད་དངོས་སྒྲུབ་ཀྱིས་བརྩེ་སེམས་དང་ལྷག་བསམ་ཟབ་མོས་མང་ཚོགས་དབུལ་པོར་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་སྙིང་སྟོབས་སྦྱིན་ཏེ་གཞི་རིམ་གྱི་ཏང་འཛུགས་སྐྱོང་ཁྲོད་བཀྲག་མདངས་འཚེར་ཡུལ་ཞིག་ཏུ་གྱུར་ཡོད། ཝུའུ་དབྱིང་ཅེས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཕེབས་ནས་ཚང་མར་ལས་སྒྲུབ་ལས་གཏོད་བྱ་རྒྱུར་སྐུལ་ལྕག་གནང་ཞིང་། ཁོང་གིས“ན་ནིང་གྲོང་ཚོ་དེར་དུད་ཚང་དབུལ་པོ་ཇི་ཙམ་དབུལ་སྒྲོལ་ཐུབ་ཡོད་དམ། ད་ཆ་མི་འབོར་དབུལ་པོ་ག་ཚོད་ཡོད་དམ། བྱ་ཐབས་དང་བྱེད་ཐབས་གང་སྤྱོད་རྩིས་ཡོད་དམ”ཞེས་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། སྤོ་ཆེ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་རྒྱལ་པོས་ལོ་འདི་དག་ནང་ཤང་གིས་ཏང་དར་ལྷབ་ལྷུབ་ཏུ་གཡོ་བར་བྱེད་པ་དང་། ཏང་ཡོན་གྱིས་སྣེ་ཁྲིད་པ། དུད་ཚང་དབུལ་པོ་ཕྱུག་པོར་གྱུར་པ། གཟུགས་བརྙན་གཏོད་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ད་ཆ་ཡུལ་མི་ཚོས་བལྟས་པ་ཙམ་གྱིས་ཏང་ཡོན་ཡིན་པ་ཤེས་ལ་ཤང་གི་ལས་ཀར་ཡང་རྒྱབ་སྐྱོར་དང་བསམ་ཤེས་བྱེད་ཀྱི་ཡོད། སྤོ་ཆེ་ཤང་རག་འཐག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་མགོན་རབ་ཀྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ང་ཚོར་བྱ་བ་བཟང་པོ་སྣེ་གཅིག་ཀྱང་སྒྲུབ་མྱོང་མེད། ཏང་གིས་ང་ཚོའི་སྒོ་རྩར་ལམ་བཟོས་པ་དང་། ཏང་གིས་ང་ཚོར་གཟིགས་སྐྱོང་གི་སྲིད་ཇུས་སྣ་ཚོགས་གནང་བ། ཏང་གིས་ང་ཚོར་བདེ་སྐྱིད་འཚོ་བ་གནང་བ་བཅས་བྱས་པས་གྲོང་ཚོ་དེ་ཡོངས་ཀྱི་མི་དམངས་ཀྱིས་སེམས་གཏིང་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་། གུང་ཁྲན་ཏང་། སྲིད་གཞུང་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་པ་མ་ཟད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་དབྱེ་འབྱེད་གསལ་པོ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་དུས་གང་རུང་དང་གནས་ཚུལ་ཅི་འདྲ་ཐོན་ཡང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་མཐའ་གཅིག་ཏུ་འབྲང་རྒྱུ་ཡིན་ཞེས་བཤད། ཝུའུ་དབྱིང་ཅེས་དེ་དག་གསན་རྗེས་དགྱེས་ཚོར་ཆེན་པོ་གནང་ཞིང་། ཁོང་གིས་བོད་ལ་ཡར་རྒྱས་གོང་འཕེལ་མྱུར་པོ་འདི་ལྟ་བུ་བྱུང་ནས་མི་སེར་རྣམས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་ཐུབ་པ་བྱུང་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བྱམས་བརྩེའི་ཐུགས་ཁུར་གནང་བའི་འབྲས་བུ་དང་། རྒྱལ་ཡོངས་མི་དམངས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་གནང་བའི་འབྲས་བུ། ལྗོངས་ཏང་ཨུད་ཀྱིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་འབད་འཐབ་བྱས་པའི་འབྲས་བུ། རང་རེའི་མི་སེར་ཚོས་དཀའ་སྤྱད་ལས་བརྩོན་དང་བློ་གྲོས་ལ་བརྟེན་ནས་མཉམ་སྐྲུན་བྱས་པའི་འབྲས་བུ་ཞིག་བཅས་རེད། ཀྲུང་གོ་གུང་ཁྲན་ཏང་ནི་མི་སེར་ལ་ཕན་པ་སྐྲུན་མཁན་ལྷག་བསམ་ཟོལ་མེད་ཅིག་ཡིན་པ་དང་། མི་དམངས་མཛེས་སྡུག་ལྡན་པའི་འཚོ་བར་བློ་ཁ་ཕྱོགས་པ་ནི་རང་རེའི་ཏང་གི་འབད་འཐབ་དམིགས་ཚད་ཅིག་ཡིན། ང་ཚོས་ཏང་གི་བཀའ་ལ་ཉན་ནས་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་ནས་ཏང་གི་དམངས་ཕྱུག་དམངས་ཕན་གྱི་སྲིད་ཇུས་སྤྱད་ནས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་བྱས་ཚེ་ང་ཚོས་སྔར་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་ངེས་རེད། རྒྱ་ཆེའི་གྲོང་ལྷན་ཏང་ཀྲི་པུས《ཀྲུང་གོ་གུང་ཁྲན་ཏང་ཀྲི་པུའི་ལས་དོན་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》ལག་བསྟར་དོན་འཁྱོལ་ནན་ཏན་དང་རང་འགན་གཙང་སྒྲུབ་བྱས་ནས་གྲོང་ལྷན་ཏང་ཀྲི་པུའི་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་མ་ཏན་ཏིག་གཏོང་བ་དང་། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”གི་ལམ་ལུགས་མཐའ་འཁྱོངས་བྱེད་པ། ཞིང་འབྲོག་པའི་ཏང་ཡོན་ལ“ལྟ་བ་ལྔ”དང“སྨྲ་བ་གཉིས”ཀྱི་སློབ་གསོ་ཤུགས་ཆེན་བརྒྱབ་ནས་བྱ་བ་སྒྲུབ་སྐབས་མི་འཐོམ་པ་དང་འགག་རྩའི་སྐབས་ཐོག་མཐའ་བར་གསུམ་དུ་ནུས་པ་ཐོན་པ་བྱེད་དགོས་ཞེས་གསུངས།

    ཝུའུ་དབྱིང་ཅེས་ཤང་དང་གྲོང་རྡལ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་དང་གཞོན་སྐྱེས་ལས་བྱེད་པ་འཚར་ལོངས་ཐད་ཐུགས་ཁུར་ཆེན་པོ་གནང་ཞིང་། ཁོང་གིས་ཤང་དང་གྲོང་རྡལ་གྱི་ལས་བྱེད་པར་གནས་ཚུལ་བཀའ་འདྲི་དང་། ཕུགས་བསམ་གླེང་བ། ཅི་འཕྲོས་མོལ་འཕྲོས། རེ་བ་བཏོན་པ་བཅས་གནང་བ་རེད།

    དཔལ་མགོན་རྫོང་གི་འབྲེལ་ཡོད་སྙན་སེང་གསན་རྗེས། ཝུའུ་དབྱིང་ཅེས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་དབུལ་སྒྲོལ་འགག་སྒྲོལ་བྱེད་རིང་གཞི་རིམ་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་སྣེ་ཁྲིད་དང་། ཆབ་སྲིད་ཀྱི་དྲིལ་བསྒྲགས། ཆབ་སྲིད་ཀྱི་སྐུལ་སློང་། ཆབ་སྲིད་ཀྱི་ལྟ་སྐུལ་སོགས་ཀྱི་ནུས་པར་ཤུགས་སྣོན་བརྒྱབ་ནས་རྒྱ་ཆེའི་མང་ཚོགས་ཚོར“ཕན་པ་གང་ནས་བྱུང་བ་དང་། ཕན་པ་སུ་ལ་འདོགས་པ”དངོས་འབྲེལ་ཤེས་པའི་སློབ་གསོ་བཏང་ནས་ཏང་གི་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས། ཤེས་ལྡན་པའི་འདེགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་གཟིགས་སྐྱོང་གི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ་རྒྱ་ཆེའི་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་ཕ་ཡུལ་དུ་ལོག་ནས་ལས་གཏོད་དང་སྤྱི་ཚོགས་ལ་དྲིན་ལན་འཇལ་རྒྱུར་སྐུལ་མ་གཏོང་རྒྱུའི་བློ་འགུགས་དགོས། བོད་སྐྱོར་གྱི་ལེགས་ཆ་འདོན་སྤེལ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་ཡོང་བར་རོགས་རམ་བྱེད་དགོས། ལས་བྱེད་པར་སེམས་ཁུར་དང་དགའ་གཅེས་བྱས་ནས་ཏང་ཡོན་ལས་བྱེད་པ་ཚོར་དུས་རབས་གསར་པར་འགན་འཁྲི་གསར་པ་འཁུར་ཕོད་པ་དང་བྱས་རྗེས་གསར་པ་འཇོག་ཕོད་པའི་ལྕག་སྐུལ་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་བོད་ཀྱི་ལེའུ་རྩོམ་ཕྱིར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།