[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-13

    ཚེས་11ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་2018ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་དྲུག་པ་འཚོགས་པ་དང་ལས་ཁུངས་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་2018ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་བདུན་པ་འཚོགས་ནས་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་ཡིན་པའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་བསྟར་རྒྱུར་དམ་པོར་དམིགས་པ་དང་། བརྗོད་དོན་གཙོ་བོ་ཡིན་པའི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་བསྟར་རྒྱུར་དམ་པོར་དམིགས་པ། དུས་རབས་གསར་པའི་ཆབ་སྲིད་གྲོས་མོལ་དང་དམངས་གཙོ་འཛུགས་སྐྱོང་གི་གོམ་སྟབས་ཀྱི་རྗེས་སྙེག་པ་བཅས་བྱས་ཏེ་བསམ་བློ་གཅིག་གྱུར་དང་། ངོས་འཛིན་མཐོར་གཏོང་། གནད་དོན་ཞིབ་འཇུག ལས་དོན་ལ་སྐུལ་འདེད་བཅས་བཏང་ཡོད།

    རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཁོངས་མི་ཀྲུའུ་ཞི་གཞོན་པ་ཀའོ་དབྱང་དང་། སྒྲོལ་དཀར། ལུའེ་ཀུའེ་ལུང་བཅས་ཚོགས་འདུར་ཞུགས་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་བཀྲ་ཤིས་ཟླ་བ་ཚོགས་འདུར་ཟུར་ཞུགས་གནང་བ་རེད།

    ཏིང་ཡེ་ཤན་གྱིས་མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ལེགས་གཏོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་གྱིས་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ལ་འཕྲད་པའི་ཁ་ཕྱོགས་རང་བཞིན་དང་། ཁྱོན་ཡོངས་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་གནད་དོན་གལ་ཆེན་ལ་ཚན་རིག་དང་མཐུན་པའི་ངང་ལན་བསྐྱོན་པས། དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་དུས་རབས་གསར་པའི་མི་དམངས་སྲིད་གྲོས་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་རིགས་པའི་གཞུང་ལུགས་ཀྱི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་དང་ལས་ཁུངས་ཏང་ཙུའུ་ཡིས་མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ལེགས་གཏོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་ལྗོངས་ཡོངས་ཀྱི་སྲིད་གྲོས་མ་ལག་གི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ་དང་། གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག་བཅས་དངོས་འབྲེལ་ཡོང་རྒྱུར་ཤུགས་སྣོན་རྒྱག་པ། སློབ་སྦྱོང་དང་། བསམ་བློ། བེད་སྤྱོད་བཅས་ཕྱོགས་ཡོངས་ལ་ཁྱབ་པ་དང་ཤེས་བྱ་དང་། དད་སེམས། བྱ་སྤྱོད་བཅས་གཅིག་གྱུར་ཡོང་བ་བྱས་ནས་ལྗོངས་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱིས་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ཆེ་མོ་དང་བསམ་བློའི་དྲག་ཆས་ཆེན་པོར་སྐུལ་སྤེལ་བཏང་སྟེ་ལས་ཀའི་སྤུས་ཚད་ལེགས་སུ་ཤུགས་ཆེན་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    ཏིང་ཡེ་ཤན་གྱིས་གཅིག་ནས་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱ་རྒྱུ་ཆབ་སྲིད་ཀྱི་ངེས་སྦྱོང་སློབ་ཚན་དུ་བརྩི་བ་དང་། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་གཏོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལས་སྒོའི་ཆེད་སྦྱོང་སློབ་ཚན་དུ་བརྩི་བ། ཆབ་སྲིད་ཀྱི་དོན་སྙིང་དང་། རིགས་པའི་གཞུང་ལུགས་ཀྱི་དོན་སྙིང་། ལག་ལེན་གྱི་དོན་སྙིང་བཅས་ཁོང་དུ་ཆུད་པ་བྱེད་པ། དགོངས་དོན་གྱི་ངོ་བོ་དང་། ལྟེ་བའི་དོན་སྙིང་། ལག་ལེན་གྱི་བླང་བྱ་བཅས་ཁོང་དུ་ཆུད་པ་བྱེད་པ། མི་སེམས་ལ་ཟུག་པ་དང་དོན་ཐོག་ཏུ་འཁྱོལ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་པ་དང་། གཉིས་ནས་མངོན་གསལ་དོད་པ་དང་གཙོ་གནད་སློབ་སྦྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། གནད་དོན་ཕྱོགས་སྟོན་དང་དམིགས་ཚད་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ལེགས་གཏོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སྲིད་གྲོས་ལས་དོན་ལ་སྐུལ་འདེད་གཏོང་བའི་བསམ་བློའི་དྲག་ཆས་ཆེན་པོར་བསྒྱུར་བ་བྱེད་དགོས་པ། གསུམ་ནས་དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་བྱེད་དགོས། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་ལས་ཀའི་བསམ་ཕྱོགས་དང་དངོས་སྒྲུབ་ཀྱི་བྱེད་ཐབས་སུ་བསྒྱུར་བ་བྱེད་པ་དང་། བོད་ཀྱི་དམིགས་བསལ་ལྗོངས་བབ་ལ་གཞི་ཚུགས་པ། ལེགས་ཆའི་ནུས་པ་འདོན་སྤེལ། སྔར་བས་ལེགས་པའི་ངང་རང་འགན་གཙང་སྒྲུབ་བཅས་བྱས་ནས་དུས་རབས་གསར་པའི་རང་ལྗོངས་ཀྱི་སྲིད་གྲོས་ལས་ཀའི་རྣམ་པ་གསར་པ་ཞིག་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།