[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ལས་དོན་བཀོད་འདོམས་པུས་ཚོགས་འདུ་འཚོགས་པ། ​

    ཆེ་དགྲ་ལྷས་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-11

    ཚེས་7ཉིན་གྱི་ཕྱི་དྲོར་རང་སྐྱོང་ལྗོངས་ཀྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་བཀོད་འདོམས་པུས་ཚོགས་འདུ་འཚོགས་ནས་གོམ་སྟབས་རྗེས་མའི་ལས་ཀའི་གཙོ་གནད་བཀོད་སྒྲིག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ལས་དོན་བཀོད་འདོམས་པུའི་བཀོད་འདོམས་པ་བཅས་ཡིན་པའི་ཆེ་དགྲ་ལྷས་ཚོགས་འདུ་གཙོ་སྐྱོང་གནང་ནས་བསམ་བློ་དང་བྱ་སྤྱོད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཐོག་གཅིག་གྱུར་ཡོང་བ་དང་རང་སྐྱོང་ལྗོངས་ཀྱིས་གཏན་ལ་ཕབ་པའི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ལག་ལེན་ཤུགས་ཆེན་བསྟར་ཏེ་ཐུམ་འབུའི་ནད་ཕོག་མཁན་རིགས་དབྱེ་ནས་སྨན་བཅོས་ཏན་ཏིག་བྱེད་པ་དང་ས་མཐོའི་ཡུལ་ནད་སོགས་ཕྱོགས་བསྡུས་འགོག་བཅོས་ཀྱི་ལས་དོན་སྤྱི་འདོམས་ངང་སྤེལ་ནས་མི་རིགས་ཁག་གི་མི་དམངས་བདེ་ཐང་གི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས་པའི་ནན་གསུངས་གནང་བ་རེད།

    ཆེ་དགྲ་ལྷས་འདི་ལོ་ནས་བཟུང་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་མཐའ་འཁྱོངས་བྱ་རྒྱུ་དེ་དམངས་འཚོའི་འདུ་འགོད་གལ་ཆེན་དང་དམངས་འཚོའི་དོན་ཆེན་ཞིག་ཏུ་བརྩིས་ནས་བཀོད་སྒྲིག་བྱས་ཏེ་ཕྱོགས་བསྡུས་ངང་ཐབས་ཇུས་འདོན་པ་དང་སྤྱི་འདོམས་ངང་སྐུལ་འདེད་གཏོང་བའི་ཐོག་ནས་ལས་དོན་ཁག་གི་འཕེལ་རིམ་བདེ་བླག་ཐོག་ཕན་འབྲས་མངོན་གསལ་དོད་པོ་ཡོང་བ་དང་སྔོན་དཔག་གི་དམིགས་ཚད་བཞིན་སྒྲུབ་པ་བྱེད་དགོས་པ་དང་། ལྷག་དོན་དུ་ལྗོངས་ཡོངས་ཀྱི་མི་ཚོགས་ཀུན་དབྱེ་གསེད་བྱེད་པའི་ལས་དོན་ཚང་མ་ལེགས་སྒྲུབ་ཀྱི་རྨང་གཞིའི་ཐོག་ནད་པར་སྨན་བཅོས་བྱེད་པའི་ལས་དོན་སྔར་བས་ཞིབ་ཚགས་སུ་གཏོང་བ་དང་། འགན་ལེན་གྱི་བྱ་ཐབས་ཁག་མུ་མཐུད་རྗེས་ཟིན་པར་བྱེད་པ། འབྱུང་རྩ་ནས་སྔོན་འགོག་ཚོད་འཛིན་བྱེད་པའི་ནུས་པ་ཆེ་རུ་གཏོང་བ། དྲིལ་བསྒྲགས་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བ། རོགས་སྐྱོར་དང་ལེན་གྱི་ལས་དོན་སྔར་བས་གཏིང་ཟབ་སྤེལ་བའི་སྒོ་ནས་ནད་པས་སྨན་རིན“གཏོང་མི་དགོས་པ”བྱེད་དགོས་ཞེས་གསུངས།

    ཆེ་དགྲ་ལྷས“2018ལོའི་ལོ་མཇུག་ཏུ་མ་སླེབས་གོང་ཐུམ་འབུའི་ནད་གཤགས་བཅོས་ཀྱི་ཆ་རྐྱེན་འཛོམས་པའི་ནད་པ་ཡོངས་རྫོགས་སྨན་བཅོས་ལེགས་གྲུབ”ཀྱི་དམིགས་ཚད་འགྲུབ་རྒྱུར་དམིགས་ཏེ། བྱ་ཐབས་གནད་སྨིན་དང་གནད་སྨིན་ཤུགས་འདོན་བྱས་ནས་ཐུམ་འབུའི་ནད་རིགས་དབྱེའི་སྨན་བཅོས་ལས་དོན་མུ་མཐུད་ཏན་ཏིག་ངང་སྤེལ་ཏེ་དྲིལ་བསྒྲགས་སློབ་གསོ་གཏོང་ཤུགས་དང་ཞབས་ཞུ་སྒྲུབ་ནུས་མུ་མཐུད་ཆེ་རུ་བཏང་ནས་ནད་པ་གནས་གཏན་འཁེལ་གྱི་སྨན་ཁང་ནང“ཁ་ཆད་དང་། སྒུག་སྡོད། སྨན་རིན་བཅས་མི་དགོས་པའི”ངང་ནད་དཔྱད་ཐུབ་རྒྱུའི་འགན་ལེན་བྱེད་དགོས་པ་དང་། སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལ་བརྟེན་ནས་སྒྲིག་བཀོད་སྒྲིག་ཆས་འཐུས་ཚང་དང་ཞབས་ཞུའི་དངོས་ཤུགས་སྔར་བས་ཆེ་རུ་གཏོང་བའི་ཁར་སྨན་བཅོས་ལག་ལེན་ཁྲོད་དབང་གྲགས་དང་། ལག་རྩལ། ཉམས་མྱོང་བཅས་ལྡན་པའི་ས་གནས་ཀྱི་རིགས་གཅིག་མཁས་ཅན་རྩེ་གྲ་དང་སྤུས་ཚད་མཐོ་བའི་ཚན་ཞིབ་གྲུབ་འབྲས་ལ་བརྟེན་ནས་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ཡོངས་ལ་ཐུམ་འབུའི་ནད་འགོག་བཅོས་ཐད“བོད་ཀྱི་ནད་དཔྱད་ཇུས་གཞི”འདོན་དགོས་པ། ཐུམ་འབུའི་ནད་འགོག་བཅོས་ལས་དོན་ཁྲོད་ཀྱི་ཉམས་མྱོང་དང་བྱེད་སྟངས་བཟང་པོ་ཕྱོགས་སྡོམ་དང་དཔྱད་གཞིར་ནན་ཏན་བཟུང་ནས“འདུས་འདྲིལ་གཅོང་ནད་དང་། མཆིན་ཚད། གྲུམ་བུའི་ནད”དབྱེ་གསེད་དང་། ཕྱོགས་བསྡུས་འགོག་བཅོས། “གཉིས་གཅོག་གཅིག་སྤོར”བཅས་ཀྱི་ལས་དོན་ལ་སྤྱི་འདོམས་ངང་སྐུལ་འདེད་བཏང་སྟེ་འཕྲལ་སྡོམ་རོགས་སྐྱོབ་སོགས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྔར་བས་སྐོང་ཐུབ་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།