[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • དམངས་སྤྱོད་མཁའ་འགྲུལ་ཁོངས་གཏོགས་ཀྱིས་བོད་ཀྱི་གནམ་ཐང་འཛུགས་སྐྲུན་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ལས་དོན་ཚོགས་འདུ་འཚོགས་པ།

    ཝུའུ་དབྱིང་ཅེ་དང་ཧྥེང་ཀྲེང་ལིན་གྱིས་གསུང་བཤད་གནང་བ་དང་། ཆེ་དགྲ་ལྷས་ཤིས་ཚིག་གསུངས་པ། ཏིང་ཡེ་ཤན་དང་ཀྲོང་ཡན་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-11

    ཚེས་8ཉིན་གྱི་སྔ་དྲོ། དམངས་སྤྱོད་མཁའ་འགྲུལ་ཁོངས་གཏོགས་ཀྱིས་བོད་ཀྱི་གནམ་ཐང་འཛུགས་སྐྲུན་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ནས། དམངས་སྤྱོད་མཁའ་འགྲུལ་ཁོངས་གཏོགས་ཀྱི་ལས་རིགས་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གནམ་ཐང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་རྒྱུ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་འབྲེལ་ཡོད་གཙོ་གནད་གནམ་ཐང་རོགས་སྐྲུན་གྱི་ལས་དོན་སྤེལ་འགོ་བཙུགས་ནས་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་འཕེལ་རྒྱས་དང་ཡར་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་ཧྥེང་ཀྲེང་ལིན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཤིས་ཚིག་གསུངས་པ། རང་སྐྱོང་ལྗོངས་དང་བོད་དམག་ཁུལ་ཁང་གི་འགོ་ཁྲིད་པ་ཏིང་ཡེ་ཤན་དང་། ཀྲོང་ཡན། ཞུས་ཡུང་། ཙེང་དབན་མིང་། ཅང་ཅེ་སོགས་ཕེབས་པ། ཚོགས་འདུ་དེ་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཏུང་ཀྲི་དབྱིས་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་དམངས་སྤྱོད་མཁའ་འགྲུལ་ལྷོ་ནུབ་ས་ཁུལ་དོ་དམ་ཅུས་དང་། རྒྱལ་སའི་གནམ་ཐང་ཚོགས་པ། ཧྲང་ཧའེ་གནམ་ཐང་ཚོགས་པ། ནུབ་རྒྱུད་གནམ་ཐང་ཚོགས་པ་ཚད་ཡོད་ཀུང་སི་བཅས་དང་རྣམ་གྲངས་འཛུགས་སྐྲུན་གྱི་སྒྲོམ་གཞིའི་གྲོས་མཐུན་དང་མངགས་བཅོལ་རོགས་སྐྲུན་གྱི་གྲོས་མཐུན་བཞག་པ་རེད།

    ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་དུས་ཡུན་རིང་པོའི་ནང་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད།

    ཝུའུ་དབྱིང་ཅེས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་དམངས་སྤྱོད་མཁའ་འགྲུལ་ཅུས་སོགས་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་ཀྱིས་ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་འཕེལ་རྒྱས་ལ་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་བཀོད་སྒྲིག་བྱེད་པ་དང་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་འཕེལ་རྒྱས་མྱུར་བའི་བགྲོད་ལམ་ཐོག་སྐྱོད་རྒྱུར་སྐུལ་འདེད་བཏང་སྟེ། བོད་ལྗོངས་དང་མེས་རྒྱལ་ནང་ས་དང་ཐ་ན་འཛམ་གླིང་ས་གནས་ཁག་དབར་གྱི་སྤེལ་རེས་དང་འགྲོ་འོང་ལ་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་འདོན་པ་དང་། མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བ་དང་། ལྷོ་ནུབ་མཐའ་མཚམས་སྲ་བརྟན་དུ་གཏོང་བ། བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་ནི་རང་ལྗོངས་ཀྱིས་མུ་མཐུད་བརྟན་ལྷིང་དང་ཕྱོགས་ཡོངས་ནས་བརྟན་ལྷིང་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ་ནས་ཡུན་རིང་བདེ་འཁོད་ཕྱོགས་སུ་སྐྱོད་པའི་འགག་རྩའི་དུས་མཚམས་ཤིག་དང་། དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཤིག སྣོད་བཅུད་ནུས་པའི་ཁུལ་འཛུགས་སྐྱོང་ལ་དམ་འཛིན་བྱེད་པ་དང་རང་ངོས་འཕེལ་རྒྱས་གཏོང་ནུས་ཆེ་རུ་གཏོང་བའི་དུས་མཚམས་གལ་ཆེན་ཞིག་བཅས་རེད། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་ཀྱིས་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་འཕེལ་རྒྱས་ལ་སྔར་རྒྱུན་བཞིན་རྒྱབ་སྐྱོར་གནང་སྟེ་དུས་རབས་གསར་པའི་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱི་ནུས་པ་སྔར་བས་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད།

    ཝུའུ་དབྱིང་ཅེས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་ལ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང“གདེང་ཚོད་བཞི”བརྟན་དུ་བཏང་ནས་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་དམངས་སྤྱོད་མཁའ་འགྲུལ་ཁོངས་གཏོགས་ཀྱི་རྒྱབ་སྐྱོར་དེ་རང་ངོས་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་ཆེན་པོར་མཐའ་གཅིག་ཏུ་འགྱུར་བ་བྱས་ནས་ཀྲུང་དབྱང་གི་ཐུགས་ཁུར་དང་། རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་དང་རང་སྟོབས་རང་སྤེལ། དཀའ་སྤྱད་འབད་བརྩོན་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ། རོགས་སྐྲུན་བྱེད་མཁན་གྱི་ལས་བྱེད་ལས་བཟོར་ཐུགས་ཁུར་དང་གཅེས་སྐྱོང་བཅས་བྱས་ཏེ་དམངས་སྤྱོད་མཁའ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ་དང་། བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པར་བརྟེན་ནས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་ལ་དྲིན་ལན་འཇལ་བ་དང་ཀྲུང་དབྱང་དང་རྒྱལ་ཁབ་འབྲེལ་ཡོད་པུའུ་ཨུད་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་ལ་དྲིན་ལན་འཇལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཧྥེང་ཀྲེང་ལིན་གྱིས་གསུང་བཤད་གནང་སྐབས། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཏང་ཙུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་བ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ནས་གནམ་ཐང་འཛུགས་སྐྲུན་བྱ་རྒྱུ་དེ་དམངས་ཕྱུག་བོད་དར་དང་། ཡུན་རིང་བོད་སྐྲུན། རྨང་གཞི་བརྟན་གཏོང་བཅས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ལ་བརྩིས་ནས་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་འཕེལ་རྒྱས་གཏོང་བའི་དགོས་མཁོ་དང་འཛུགས་སྐྲུན་གཉེར་སྐྱོང་བྱེད་ནུས་ལ་གཞིགས་ནས“3+1”གི་རོགས་སྐྲུན་རྣམ་གྲངས་བཏོན་ཡོད་པ་རེད། ང་ཚོས་ཆབ་སྲིད་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ཐོག་ནས་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱི་གནམ་ཐང་གང་མགྱོགས་འཛུགས་སྐྲུན་བྱས་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་བོད་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་ཞབས་འདེགས་ཞུ་དགོས་ཞེས་མཛུབ་སྟོན་གནང་བ་རེད།

    ཧྥེང་ཀྲེང་ལིན་གྱིས་ལས་རིགས་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་བོད་ཀྱི་གནམ་ཐང་འཛུགས་སྐྲུན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་ནི་དམངས་སྤྱོད་མཁའ་འགྲུལ་ཅུས་ཏང་ཙུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ་དང་། ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་འཕེལ་རྒྱས་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད་ལ། དམངས་སྤྱོད་མཁའ་འགྲུལ་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་གོམ་སྟབས་མགྱོགས་སུ་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཀྱང་རེད་ཅེས་ནན་བཤད་གནང་བ་རེད།

    ཧྥེང་ཀྲེང་ལིན་གྱིས་ད་རེས་རོགས་སྐྲུན་བྱས་ནས་གནམ་ཐང་འཛུགས་སྐྲུན་བྱེད་པ་ནི་རྙོག་འཛིང་ཆེ་ལ་བརྒྱུད་རིམ་ལྡན་པའི་ལས་གྲྭ་ཞིག་རེད། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ལག་བསྟར་ཐུབ་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་རོགས་སྐྲུན་ཚན་པ་ཁག་གིས་བྱེད་པོའི་འགན་འཁྲི་འཁུར་ཏེ་ས་མཐོའི་གནམ་ཐང་འཛུགས་སྐྲུན་གྱི་ཆོས་ཉིད་ལ་ཞིབ་འཇུག་ནན་ཏན་བྱེད་པ་དང་། རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ལ་དམ་འཛིན་ནན་པོ་བྱེད་པ། ཨར་སྐྲུན་ཐད་ཚན་རིག་དང་མཐུན་པའི་སྒོ་ནས་སྒྲིག་འཛུགས་བྱེད་པ་དང་ཆབས་ཅིག སྔ་ཙམ་ཇུས་འགོད་དང་གནམ་ཐང་བསྐྲུན་རྗེས་རྩིས་སྤྲོད་གཉེར་སྐྱོང་རྗེས་ཀྱི་མི་སྣའི་གྲབས་གསོག་དང་གསོ་སྦྱོང་ལས་དོན་མཉམ་དུ་སྤེལ་དགོས། སྤྱི་འདོམས་བཀོད་སྒྲིག་ཞིབ་ཚགས་བྱེད་པ་དང་། ལས་གྲྭའི་དོ་དམ་ནན་དུ་གཏོང་བ། འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། སྦྲེལ་མཐུད་རོགས་ལས་བཅས་བྱས་ཏེ་འཛུགས་སྐྲུན་དང་གཉེར་སྐྱོང་བྱེད་པའི་ཁྲོད་ལྷག་པའི་གནད་དོན་ཁག་མཐུན་སྦྱོར་ཐག་གཅོད་བྱེད་པ་དང་། རོགས་སྐྲུན་ཚན་པ་ཁག་གིས་དུས་འགོའི་འཆར་འགོད་ལ་ཤུགས་སྣོན་རྒྱག་པ་དང་། འཛུགས་སྐྲུན་འཆར་འགོད་ཚན་རིག་དང་མཐུན་ལ་ལུགས་དང་མཐུན་པའི་སྒོ་ནས་བཟོ་བ། དེང་རབས་ཀྱི་ལས་གྲྭའི་དོ་དམ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་ཀྱི་ཐོག་ནས་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། འཛུགས་སྐྲུན་བྱ་ཡུལ་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། སྤུས་ཚད་དང་བདེ་འཇགས་འགན་ལེན་བྱས་ཏེ་རོགས་སྐྲུན་ཚན་པ་ཁག་གིས་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། སྲིད་གཙང་མཐའ་ཚད་བརྟན་པོ་སྲུང་བ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པ། ལེགས་སྐྱེས་འབུལ་འདོད་པ་དང་འབད་འཐབ་བྱེད་འདོད་པ་བྱས་ནས་མི་སྣའི་བདེ་འཇགས་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་པ་དང་ལས་གྲྭའི་སྤུས་ཚད་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་དོ་ཁུར་ལ་ཤུགས་སྣོན་རྒྱག་པ་དང་ཞབས་ཞུ་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ་རོགས་སྐྲུན་མངགས་གཏོང་མི་སྣར་བྱ་གཞག་སྒྲུབ་པ་དང་ལས་གཏོད་བྱ་རྒྱུར་ཆ་རྐྱེན་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    ཆེ་དགྲ་ལྷས་ཤིས་ཚིག་གསུངས་སྐབས། མཐའ་སྲུང་གི་བདེ་འཇགས་འགན་ལེན་བྱེད་པར་མཁའ་འགྲུལ་གྱི་བདེ་འཇགས་བརྟན་པོ་སྲུང་དགོས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འཕུར་སྐྱོད་ཀྱི་གཤོག་ཟུང་བསྒར་དགོས་པ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་སྐོང་བར་སྤེལ་རེས་ཀྱི་སྒོ་མོ་འབྱེད་དགོས་པ། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་གལ་ཆེན་བསྐྲུན་པར་མཁའ་དབྱིངས་ཀྱི་བར་ཁྱམས་གཏོད་དགོས། ང་ཚོས་ངེས་པར་དུ་རོགས་སྐྲུན་གྱི་གོ་སྐབས་ལ་གཅེས་སྤྲས་ལྡབ་བརྒྱ་བྱས་ནས་རོགས་སྐྱོར་གྱི་སྟོབས་ཤུགས་འདང་ངེས་དང་ཡག་པོ་སྤྱད་དེ་འབྲེལ་གཏུག་སྦྲེལ་མཐུད་ཕྱོགས་ཡོངས་ནས་ཡག་པོ་བྱེད་པ་དང་། ཚད་གཞི་མཐོ་པོའི་སྒོ་ནས་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱེད་པ། སྔ་ཙམ་བསྐྲུན་ནས་བེད་སྤྱོད་ཐུབ་རྒྱུར་བརྩོན་ལེན་བཅས་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས་ཞེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།