[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་ཀྱི་འཐུས་མི་ཚོགས་པས་འཆར་གཞིའི་སྙན་སྒྲོན་དང་སྔོན་རྩིས་སྙན་སྒྲོན་ལ་གྲོས་ཞིབ་གནང་བ་དང་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་མ་ཟིན་བཟོ་བཅོས་ཀྱི་མ་ཡིག་ལ་གྲོས་ཞིབ་གནང་བ།

    ཝུའུ་དབྱིང་ཅེ་དང་། པད་མ་འཕྲིན་ལས། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཝང་ཙུའོ་ཨན་བཅས་ཞུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-11

    ཟླ་3ཚེས་8དང་9ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ་2017ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་གྱི་སྙན་སྒྲོན་དང་། 2017ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2018ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་གྱི་སྙན་སྒྲོན་ལ་གྲོས་ཞིབ་ནན་ཏན་གནང་བ་དང་ཆབས་ཅིག་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་མ་ཟིན་བཟོ་བཅོས་ཀྱི་མ་ཡིག་ལའང་གྲོས་ཞིབ་གནང་བ་རེད། 

    བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་མི་རིགས་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་བཅས་ཡིན་པའི་པད་མ་འཕྲིན་ལས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཝང་གཡུང་ཅུན་བཅས་གྲོས་ཞིབ་ལ་ཞུགས་པ་དང་། རྒྱལ་ཁབ་ཆོས་ལུགས་ཅུས་ཀྱི་ཅུས་ཀྲང་ཝང་ཙོའུ་ཨན་དང་རྒྱལ་ཁབ་པུའུ་ཨུད་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཡང་ཚོགས་འདུར་ཕེབས་ནས་བསམ་འཆར་དང་གྲོས་འགོ་གསན་པ་རེད། 

    འཐུས་མི་ཡོངས་ཀྱིས་འཆར་གཞིའི་སྙན་སྒྲོན་དང་སྔོན་རྩིས་སྙན་སྒྲོན་ལ་ཡོངས་སུ་མོས་མཐུན་དང་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཝང་ཙོའུ་ཨན། སྒོར་སྒོར། ཕུར་བུ་དོན་གྲུབ། དབང་འདུས། ཕུན་ཚོགས། ཚེ་རིང་གཡང་འཛོམས། མིག་དམར་རྒོད་སྐྱེས། སྐལ་བཟང་བདེ་སྐྱིད། སྐལ་བཟང་སྒྲོལ་དཀར། ཅང་གོ་ཅེ་སོགས་ཀྱིས་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་མ་ཟིན་བཟོ་བཅོས་ཀྱི་མ་ཡིག་ལ་དམིགས་ཏེ་སྤྲོ་བ་འཕེལ་བའི་གསུང་བཤད་གང་ལེགས་གནང་ཞིང་། ཚང་མས་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་པ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་གནང་བའི་ཐབས་ཇུས་གལ་ཆེན་ཞིག་དང་ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བར་སྐུལ་མ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་གི་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་མ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་དུས་བབ་གསར་པ་དང་ལས་འགན་གསར་པར་གཞིགས་ཏེ་རང་རྒྱལ་གྱིས་ད་ལྟ་ལག་ལེན་བསྟར་བཞིན་པའི་རྩ་ཁྲིམས་ལ་བཟོ་བཅོས་འོས་འཚམ་རྒྱག་པ་ནི་དགོས་ངེས་དང་སྐབས་སུ་བབས་པ་ཞིག་ཡིན་པས་རྩ་ཁྲིམས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་པ་མ་ཟད། དུས་རབས་འཕེལ་རྒྱས་དང་ལག་ལེན་གྱི་དགོས་མཁོ་དང་ཡང་འཚམ་པས་ཡོངས་སུ་མོས་མཐུན་དང་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུའི་ངོས་འཛིན་གནང་བ་རེད། 

    ཚང་མས་རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ལུགས་ཡིན་པ་དང་དེར་བཟོ་བཅོས་རྒྱག་རིང་ཕྱོགས་ཡོངས་ནས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས་པའི་ལྡོག་མེད་ཀྱི་བླང་བྱ་བཏོན་པ་དང་ཆབས་ཅིག་རྩ་ཁྲིམས་ནི་ཏང་དང་མི་དམངས་ཀྱི་འདོད་བློ་གཅིག་སྡུད་མཚོན་པ་ཞིག་ཡིན་པས་ད་ཐེངས་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་པའི་ཐོག་ནས་མི་དམངས་ཀྱི་རང་ཐག་རང་གཅོད་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ཀྱི་གཞི་རྩའི་ཁྱད་ཆོས་ཡིན་པ་གང་ལེགས་མཚོན་པས་དམངས་གཙོ་དར་སྤེལ་གཏོང་བ་དང་བློ་བསྡུས་དགེ་འཚོལ་བྱས་ནས་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུ་དེ་ཆེས་རྒྱ་ཆེའི་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་སྟབས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་སྙིང་ཐག་པ་ནས་བརྩི་བཀུར་ཞུས་ཡོད། ཚང་མས་རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གནས་བབ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་ཞུ་བ་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་ཞུ་རྒྱུ་དང་། ཁྲིམས་སྐྱོང་གི་འདུ་ཤེས་བརྟན་པོ་བཙུགས་ཏེ་བློ་བརྟན་འགྱུར་མེད་ངང་བོད་ཁྲིམས་བཞིན་སྐྱོང་བའི་རྩ་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ནས་སྣེ་ཁྲིད་དེ་རྩ་ཁྲིམས་ལ་གོང་བཀུར་དང་། རྩ་ཁྲིམས་ལ་སློབ་སྦྱོང་། རྩ་ཁྲིམས་ལ་བརྩི་སྲུང་། རྩ་ཁྲིམས་ལ་སྲུང་སྐྱོང་། རྩ་ཁྲིམས་སྤྱོད་པ་བཅས་བྱས་ནས་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ཁྲིམས་སྐྱོང་གི་སྲོལ་ལམ་དུ་རྒྱུན་ཆད་མེད་པར་སྐྱོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།