[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝུའུ་དབྱིང་ཅེས་ཉིང་ཁྲི་གྲོང་ཁྱེར་དུ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་བརྟག་ཞིབ་གནང་སྐབས།

    རྩ་འཛུགས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བྱེད་པ་དང་ཆབ་སྲིད་ནུས་པ་འབུར་དུ་ཐོན་པ་བྱས་ཏེ་རིམ་ཁག་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-26

    484999_yis_1519534917170.jpg

    ཟླ་2ཚེས་20ནས་23ཉིན་བར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཉིང་ཁྲི་གྲོང་ཁྱེར་གྱི་ས་གནས་ཁག་ཏུ་ཕེབས་ནས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་ཞིང་། འདི་ནི་མེ་ཏོག་རྫོང་སྟག་མོ་ལྷོ་པ་མི་རིགས་ཤང་སྟག་མོ་གྲོང་ཚོར་ཝུའུ་དབྱིང་ཅེས་ཡུལ་དེ་གའི་མང་ཚོགས་དང་བྱམས་བརྩེའི་ངང་བཀའ་མོལ་གནང་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་བ།

    ཟླ་2ཚེས་20ནས་23ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་ངལ་གསོའི་དུས་ཚོད་བེད་སྤྱད་དེ་ཆེད་མངགས་ཉིང་ཁྲི་གྲོང་ཁྱེར་གྱི་ས་གནས་ཁག་ཏུ་ཕེབས་ནས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་བ་དང་གཞི་རིམ་ལས་བྱེད་པར་གཟིགས་པ་དང་འབྲེལ་འཚམས་འདྲི་གནང་ཞིང་། རྩ་འཛུགས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བྱེད་པ་དང་ཆབ་སྲིད་ནུས་པ་འབུར་དུ་ཐོན་པ་བྱས་ཏེ་རིམ་ཁག་གཞི་རིམ་ཏང་རྩ་འཛུགས་དེ་ཉིད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ། འཕེལ་རྒྱས་མྱུར་པོར་སྐུལ་འདེད་གཏོང་བ། ཡུན་རིང་བདེ་འཁོད་འགན་ལེན་བྱེད་པ་བཅས་ཀྱི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་མ་ཧྲེང་ཁྲང་གིས་ཕེབས་རོགས་ཞུས་པ་རེད།

    ཝུའུ་དབྱིང་ཅེས་མེ་ཏོག་རྫོང་སྟག་མོ་ལྷོ་པ་མི་རིགས་ཤང་དང་། དགུ་ཐང་ཤང་། འབྲས་སྤུངས་ཤང་བཅས་སུ་གྲོང་མི་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བ་དང་། བདེ་སྡུག་འདྲི་བ། བཀྲ་ཤིས་བདེ་ལེགས་ཞུ་བ། ལོ་གསར་གྱི་རྣམ་པ་མྱོང་རོལ་བཅས་གནང་བ་རེད། གྲོང་ཚོའི་འགྱུར་ལྡོག་སྐོར་གླེང་སྐབས་དམག་ཞབས་ཐིམ་ནས་རང་འགུལ་ངང་ཕ་ཡུལ་དུ་ལོག་སྟེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་འཁུར་བ་དང་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་སྣེ་ཁྲིད་མཁན་རྡོ་རྗེ་ཕུན་ཚོགས་ཀྱིས་དེ་སྔ་གྲོང་ཚོའི་ནང་འགྲིམ་འགྲུལ་སྟབས་བདེ་པོ་མེད་པ་དང་གྲོང་མིའི་བསམ་བློ་རྙིང་ཞེན་ཆེ་བས་འཚོ་བ་སྐྱོ་པོ་ཡོད། ཏང་དང་སྲིད་གཞུང་གིས་གྲོང་ཚོར་ལམ་བཟོས་པ་དང་སློབ་གྲྭ་དང་འཕྲོད་བསྟེན་ཁང་བཙུགས་པ་མ་ཟད། ཚང་མ་ཏང་གི་སྲིད་ཇུས་བཟང་པོའི་འོག་ཐོན་ལས་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པས་ཚང་མས་ཏང་གི་བཀའ་དྲིན་ལ་ཐུགས་རྗེ་ཆེ་ཞུ་བ་དང་བློ་གཅིག་སེམས་གཅིག་ངང་ཏང་གི་རྗེས་སུ་འབྲངས་ཀྱི་ཡོད་ཅེས་བཤད། ཏང་ཡོན་རྒན་གྲས་དགའ་ལྡན་མཚོ་མོས་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི་ནང་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཐུབ་རྒྱུར་རོགས་རམ་ཧུར་ཐག་བྱས་པས་ད་ཆ་མང་ཚོགས་ཀྱི་ཡོང་འབབ་ཟམ་མི་ཆད་པར་མང་དུ་ཕྱིན་པ་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལྡན་པ། ཏང་ཡོན་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་ཡོད། ཚང་མས་སེམས་གཏིང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད། ཚང་མའི་མི་སེམས་འགུལ་བའི་སྐད་ཆ་གསན་རྗེས་ཝུའུ་དབྱིང་ཅེས་དགྱེས་ཚོར་ཆེན་པོས་སྐར་ལྔའི་དར་དམར་མང་ཚོགས་ཀྱི་འཐུས་མི་ཚོར་སྤྲད་གནང་བ་དང་ཁོང་ཚོར་སྤྱི་དམངས་ཀྱི་འདུ་ཤེས་དང་ས་སྲུང་གི་འདུ་ཤེས་བརྟན་པོ་བཙུགས་ཏེ་མཐའ་མཚམས་སུ་གཞི་ཚུགས་པ་དང་ཁྱིམ་གཞིས་སྲུང་བ་དང་། དཀའ་སྤྱད་འབད་འཐབ་དང་རང་སྟོབས་རང་སྤེལ་དང་། ལྟ་བར་འགྱུར་ལྡོག་གཏོང་བ་དང་བསམ་བློ་རྒྱ་ཆེར་གཏོང་བ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། འདེབས་གསོ་འཇོན་ཐང་ཅན་དང་། ཕྱུག་འགྱུར་འཇོན་ཐང་ཅན། གཞི་ཁྱོན་ཆེ་བའི་འདེབས་གསོའི་ཁེ་ལས་བཅས་ཡུལ་དེར་ལས་གཏོད་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུས་ཏེ་གྲོང་མིར་ཐོན་ལས་གྲུབ་ཆ་ལེགས་སྒྲིག་དང་ཐོན་སྐྱེད་ཕན་འབྲས་ཆེ་རུ་གཏོང་རྒྱུར་རོགས་རམ་བྱས་ཐོག་ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་གང་མགྱོགས་ཕྱུག་འགྱུར་ཐུབ་པ་བྱེད་པ། ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་། སྲོལ་རྙིང་དང་གོམས་གཤིས་ངན་པ་དོར་བ་དང་ཚན་རིག་གོང་དུ་བཀུར་བ། གོམས་གཤིས་ཡག་པོ་འཇགས་པ་བཅས་བྱས་ནས་སྐྱོན་བྲལ་དང་ཤེས་དཔལ་གྱི་འཚོ་བ་གསར་པ་སྐྱེལ་དགོས་པའི་སྐུལ་ལྕག་གནང་བ་རེད།

    ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། རིམ་ཁག་གཞི་རིམ་རྩ་འཛུགས་ནི་ཏང་དང་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་མཁན”གྱི་འཐབ་ཇུས་ལག་བསྟར་བྱེད་པ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེས་གཞི་རིམ་གྱི་ཚན་པ་ཞིག་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྡུག་དང་དཀའ་ཚེགས་ཤེས་རྟོགས་དང་ཁོང་དུ་ཆུད་པ་བྱེད་མཁན་ཞིག ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བའི་སྦྲེལ་ཟམ་ཞིག མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་། མི་སེམས་ཐོབ་པ་བྱེད་པ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་ཀྱི་འཐབ་འཛིང་གི་མཁར་རྫོང་ཞིག རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གཞི་རྩའི་ཚན་པ་ཞིག་བཅས་ཡིན། གཞི་རིམ་རྩ་འཛུགས་དང་ཚན་པ་ཁག་གི་ཁོངས་མིས་ཏང་གི་དམིགས་ཡུལ་བློ་ལ་བརྟན་པོ་ངེས་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་། ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། འགན་འཁྲི་འཁུར་ཕོད་པ། རང་འགུལ་ངང་བྱས་རྗེས་འཇོག་པ། ལེགས་སྐྱེས་འབུལ་འདོད་པ་བཅས་བྱས་ནས་ཏང་དང་མང་ཚོགས་དབར་འབྲེལ་བ་བྱེད་པའི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་སྟེ་ཏང་དང་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་དེ་བས་མང་ཚོགས་དང་འབྲེལ་འདྲིས་ཐུབ་པ་དང་དོན་འཁྱོལ་ཡག་པོ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། གཅིག་ནས་མཐུན་སྒྲིལ་ཡག་པོ་བྱས་ཏེ་སེམས་པ་རྟག་ཏུ་མང་ཚོགས་ལ་བཅངས་པ་དང་། མང་ཚོགས་ཀྱི་བདེ་སྡུག་བློ་ལ་བཅངས་པ། སྤོབས་ཉམས་མི་བྱེད་པ། སེམས་གནས་ལུས་ཚུགས་ཐུབ་པ། གཞི་རིམ་ལ་གཞི་ཚུགས་པ། འབྲེལ་འདྲིས་ཡག་པོ་བྱེད་པ། སེམས་པ་གཏད་རེས་བཅས་བྱས་ནས་མང་ཚོགས་དང་གྲོགས་པོ་ཡག་པོ་བསྒྲིགས་ཏེ་ལས་བྱེད་པ་དང་མང་ཚོགས་དབར་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས་པ་དང་། གཉིས་ནས་འཕེལ་རྒྱས་ཡག་པོ་བཏང་སྟེ་བསམ་བློ་བཅིངས་འགྲོལ་གཏོང་བ་དང་། ལྟ་བར་འགྱུར་ལྡོག་གཏོང་བ། ལས་ཀའི་བསམ་ཕྱོགས་འགྱུར་བ། མཐའ་དར་དམངས་ཕྱུག་གི་ལས་དོན་མངོན་གསལ་དོད་པའི་གནས་སུ་འཇོག་པ། གྲོང་གསེབ་དར་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་སོགས་ཀྱི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་མཐའ་མཚམས་ས་ཁུལ་འདི་ཉིད་མི་རིགས་ཁག་གི་མང་ཚོགས་མཐུན་སྒྲིལ་ཡར་ཐོན་དང་བདེ་སྡོད་ལས་བརྩོན་གྱི་བདེ་སྐྱིད་ཁྱིམ་གཞིས་སུ་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་ཐུབ་པ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་སྒྱུར་བཅོས་འཕེལ་རྒྱས་ཀྱི་ཕན་འབྲས་ལོངས་སྤྱོད་ཐུབ་པ་བྱེད་དགོས་པ། གསུམ་ནས་ཕྱུག་འགྱུར་ཐུབ་པ་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་དང་། ཐག་ཉེ་ས་དང་སྟབས་བདེ་ས། ཕ་ཡུལ་ནས་ཁ་མི་བྲལ་བ། ལས་ཀ་ཡག་པོ་བྱེད་ཐུབ་པ་དང་བྱེད་ཤེས་པ་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་ཐོན་ཁུངས་ཕུན་སུམ་ཚོགས་པོར་གཞི་ཚུགས་ནས་ཡུལ་སྐོར་ལས་རིགས་དང་། ཇ་ལོ་དང་དཔལ་འབྱོར་སྐྱེ་དངོས་གཞན་དག་འདེབས་འཛུགས། རྡོ་ཁོག་བཟོ་བ། སྨྱུག་ཆས་སླ་བ། བོད་ཕག་སོགས་ཁྱད་ལྡན་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་བཏང་སྟེ་ཐོན་ལས་སྦྲེལ་ཐག་སྣུར་སྲིང་དང་ཟུར་བསྣན་རིན་ཐང་ཆེ་རུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཕ་ཡུལ་ནས་ཁ་མི་བྲལ་བར་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་དགོས་པ། བཞི་ནས་བརྟན་ལྷིང་འགན་ལེན་བྱས་ནས་མང་ཚོགས་ཀྱི་སྔར་མེད་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག་གང་ལེགས་བྱས་ཏེ་མང་ཚོགས་ཀྱི་ལས་དོན་བསྒྲུབ་རྒྱུ་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ལ་ཟུག་པ་བྱས་ནས་གཞི་རིམ་གྱི་བརྟན་ལྷིང་སྲུང་སྐྱོང་དང་གཞི་རིམ་ཞི་མཐུན་ལ་སྐུལ་འདེད་གཏོང་བའི་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་གང་ལེགས་འཕེལ་བ་བྱས་ཏེ་མང་ཚོགས་བརྟན་ལྷིང་ཐད་གཞན་སྐུལ་ནས་རང་འགུལ་དུ་འགྱུར་རྒྱུར་སྔར་བས་སྐུལ་འདེད་གཏོང་དགོས་པ། ལྔ་ནས་གནས་ཚུལ་འཕྲད་དུས་མགོ་མི་རྨོངས་པར་ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱས་ནས་བློ་བརྟན་འགྱུར་མེད་ངང་ཏང་དང་མི་དམངས་ཀྱི་ཕྱོགས་སུ་ལངས་ཏེ་དར་ཆ་གསལ་སྟོན་ངང་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་དང་འཐབ་རྩོད་བྱེད་དགོས་པ། དྲུག་ནས་འགག་རྩའི་དུས་སུ་ནུས་པ་ཐོན་པ་བྱས་ཏེ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀོད་སྒྲིག་དང་ལེན་བྱེད་པ། ཏང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བཅས་མཐའ་གཅིག་ཏུ་བྱེད་པ་དང་ཏང་གི་བླང་བྱ་གཞིར་བཟུང་བློ་རྩེ་གཅིག་སྒྲིམ་ངང་མང་ཚོགས་ཀྱི་ལས་དོན་ཞིབ་ཕྲ་དང་ཡག་པོ་བསྒྲུབས་ནས་མང་ཚོགས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཡོང་བ་བྱེད་པ་དང་ཐུན་མོང་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་ཧུར་ཐག་འབུལ་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།