[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • “བྱ་ཐབས་སྣ་ཚོགས”ཡག་པོ་སྤྱད་ནས་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་རྒྱུ་སྲུང་སྐྱོང་བྱས་པ།

    བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་བོད་དུ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-14

    བོད་ཀྱི་བདེ་འཇགས་དང་བརྟན་ལྷིང་དེ་རྒྱལ་ཁབ་ཀྱི་བདེ་འཇགས་བརྟན་ལྷིང་དང་འབྲེལ་བ་ཡོད།

    2016ལོར་བོད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་དཔྱད་གདེང་བྱ་ཐབས་དེ་རྒྱལ་ཡོངས་ཀྱི་ཕུལ་བྱུང་གྲས་སུ་ཚུད་ནས་མང་ཚོགས་ཀྱི་བདེ་འཇགས་བློ་ཡིད་ཚིམ་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས“ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང”བཅས་ཀྱི་རྩ་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མཐའ་མཚམས་མི་རིགས་ས་ཁུལ་གྱི་དོན་དངོས་ལ་དམ་པོར་གཞིགས་པ། སྤྱི་ཚོགས་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དང་གསར་གཏོད་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་ལ་དྲ་མིག་ཅན་གྱི་དོ་དམ་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། “སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་པའི་ལས་དོན་སྤེལ་བ། ལས་བྱེད་པ་དགོན་སྡོད་བྱེད་སྒོ་སྤེལ་བ། དགོན་སྡེ་དོ་དམ་གསར་གཏོད་བྱེད་པ། བརྟན་ལྷིང་སྲུང་སྐྱོང་གི“བྱ་ཐབས་སྣ་ཚོགས”ཡག་པོ་སྤྱོད་པ། གཞི་རིམ་གྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ། བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པའི་བསམ་བློ་བརྟན་པོ་འཛུགས་པ་བཅས་བྱས་ཏེ་སྤྱི་ཚོགས་ཀྱི་ཁྱོན་ཡོངས་སྤྱིའི་ཆ་ནས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་གི་དུས་མཚམས་གསར་པར་སླེབས་པར་བྱས་ཡོད།

    སྒྲིག་གཞི་གསར་གཏོད་ཀྱིས་རྨང་གཞི་བརྟན་གཏོང་དང་བརྟན་ལྷིང་སྲུང་སྐྱོང་བྱས་པ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བོད་ཀྱི་ལས་དོན་གྱི་གཞི་ཚུགས་ས་དང་ཤུགས་རྒྱག་གཞི་ངེས་པར་དུ་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ཐད་འཇོག་དགོས། དེའི་ལྟེ་བ་ནི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ལས་དོན་ལེགས་པར་བསྒྲུབས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་རྒྱུ་དེ་རེད”ཅེས་མཛུབ་སྟོན་གནང་ཡོད།

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔ་བར་ཕྱི་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་དེ་བོད་ཀྱི་ལས་དོན་གྱི་ཁྱོན་ཡོངས་ཁྲོད་བཞག་ནས་བསམ་གཞིག་བྱེད་པ་དང་། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་ཁྱོན་ཡོངས་ཁྲོད་བཞག་ནས་ཇུས་འགོད་བྱེད་པ། ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་གྱི་སྤྱིའི་བཀོད་སྒྲིག་ནང་བཞག་ནས་སྐུལ་འདེད་གཏོང་བ། འགོ་ཁྲིད་ཀྱི་སྒྲིག་གཞི་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ། གཞོགས་འདེགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཞི་མཐུན་གྱི་ནང་དོན་སྣོན་པ་བཅས་བྱས་ཏེ་མི་དམངས་བདེ་སྡོད་ལས་བརྩོན་དང་སྤྱི་ཚོགས་བརྟན་ལྷིང་། གོ་རིམ་ལྡན་པ་བཅས་ཡོང་བའི་འགན་ལེན་བྱས་ཡོད།

    2011ལོའི་ཟླ་10པར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་དང་། ས་ཁུལ། རྫོང་། ཤང་བཅས་རིམ་བཞི་མཉམ་འགུལ་གྱིས་ལོ་ལྟར་ཕུལ་བྱུང་ལས་བྱེད་པ་ཁྲི་2ལྷག་ཙམ་ལས་གྲུབ་པའི་ལས་དོན་རུ་ཁག་ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ(གྲོང་ལྷན)5000ལྷག་ཙམ་ལ་བཅའ་སྡོད་དུ་འདེམས་གཏོང་བྱས་ནས་མང་ཚོགས་དང་མཉམ་ཟ་མཉམ་སྡོད་དང་། མཉམ་དུ་སློབ་སྦྱོང་། མཉམ་དུ་ངལ་རྩོལ་བཅས་བྱས་ཏེ་མང་ཚོགས་དང་ཉེ་བཅར་གྱིས་ཅི་འཕྲོས་མོལ་འཕྲོས་དང་བསམ་འཆར་ཉན་པ་དང་། ཞིབ་རྩིས་རྒྱག་སྟངས་སློབ་པ་དང་ཕྱུག་འགྱུར་ཡོང་ཐབས་བྱེད་པ། བློ་སེམས་གཅིག་མཐུན་གྱིས་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་བ་བཅས་བྱས་ཡོད།

    “གྲོང་སྡོད་ལས་དོན་རུ་ཁག་ནི་ཏང་དང་སྲིད་གཞུང་གིས་ང་ཚོར་རོགས་རམ་བྱེད་པར་མངགས་པའི་གཉེན་ཉེ་རེད། ཁོང་ཚོས་ང་ཚོར་བྱ་བ་བཟང་པོ་དང་བྱ་བ་དངོས་མང་དག་བསྒྲུབས་བྱུང་། ‘དོན་དག་ཡོད་ན་ལས་དོན་རུ་ཁག་འཚོལ་བར་རྒྱུགས’ཞེས་པ་དེ་གྲོང་མི་ཚོའི་ཁ་རྒྱུན་ཞིག་ཏུ་གྱུར་ཡོད”ཅེས་པ་ནི་ནག་ཆུ་ས་ཁུལ་ཨ་མདོ་རྫོང་རྩྭ་རིང་གྲོང་རྡལ་གྲོང་ཚོ་དང་པོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསམ་དཀར་གྱི་སེམས་ནང་གི་སྐད་ཆ་ཡིན་པ་དང་། དེ་ཐོག་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོའི་ཐུན་མོང་གི་བསམ་འདུན་མཚོན་ཡོད།

    ལས་ཀའི་གཙོ་གནད་གཞི་རིམ་དུ་ཕྱོགས་པ་དང་། རང་སྐྱོང་ལྗོངས་དང་། ས་ཁུལ། རྫོང་། ཤང་བཅས་ཀྱི་ལས་བྱེད་པ་གཞི་རིམ་དུ་མངགས་གཏོང་བྱེད་པ། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ལྟེ་བར་འཛིན་པ། གྲོང་ཚོ་རིམ་པའི་སྤྱི་ཚོགས་བཅོས་སྐྱོང་བྱེད་སྒོ་ཤུགས་ཆེན་སྤེལ་བ་བཅས་བྱས་ནས་གཞི་རིམ་གྱི་སྲིད་དབང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཡོད། སྒྲིག་ཁོངས་དང་། ལས་བྱེད་པ། ཤེས་ལྡན་མི་སྣ་བཅས་ཤང་གྲོང་གཞི་རིམ་དུ་ཕྱོགས་རྒྱུ་མཐའ་འཁྱོངས་དང་། སྒྲིག་གཞི་སྒྲིག་ཁོངས་ཤང་གྲོང་དུ་ཕྱོགས་རྒྱུ་མཐའ་འཁྱོངས་བྱས་ནས་ཤང་གྲོང་ལས་བྱེད་པའི་དཔུང་ཁག་འཐུས་སྒོ་ཚང་དུ་གཏོང་བ་དང་ལས་བྱེད་པའི་གྲུབ་ཆ་ལེགས་སྒྲིག་བྱས་ཏེ་ཤང་གྲོང་ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོ་ཡོངས་རྫོགས“བོད་རིགས་གཅིག་དང་རྒྱ་རིགས་གཅིག”བཀོད་སྒྲིག་ཐུབ་པ་བྱས་ཡོད། གྲོང་ཚོ་རིམ་པའི་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་ཡག་པོ་འདེམས་པ་དང་བཀོད་སྒྲིག་ཡག་པོ་བྱས་ཏེ་རྫོང་དང་ཤང་ལས་ཁུངས་ཀྱི་ཕུལ་བྱུང་ལས་བྱེད་པ་དང་། ལས་སྒྱུར་དམག་མི། སློབ་གྲྭ་ཆེ་མོ་བའི་གྲོང་དཔོན་བཅས་གྲོང་ཚོར་གོ་གནས་འཁུར་བའམ་ཡང་ན་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར་བར་འདེམས་གཏོང་བྱེད་རྒྱུ་མཐའ་འཁྱོངས་བྱས་ཡོད།

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འཕེལ་རྒྱས་གཏོང་རྒྱུ་ལས་འགན་ཨང་དང་པོར་བརྩི་བ་དང་བརྟན་ལྷིང་ཡོང་རྒྱུ་འགན་འཁྲི་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་དང་མཐུན་སྦྱོར་སྐུལ་འདེད་བཏང་སྟེ་ལས་ཀའི་ཚན་ཁག་གཉིས་བཙུགས་ནས་ཚན་ཁག་གཅིག་གིས་སེམས་ནུས་གཅིག་སྒྲིལ་ངང་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་དང་། ཚན་ཁག་གཅིག་གིས་ནུས་ཤུགས་ཡོད་རྒུས་བརྟན་ལྷིང་སྲུང་སྐྱོང་བྱས་ཏེ་འཕེལ་རྒྱས་ལ་དམ་འཛིན་ནན་པོ་བྱེད་པ་དང“དོན་ཆེན་གཉིས”བརྟན་ལྷིང་ཡོང་བ་བྱས་ཐོག་མཐུན་སྦྱོར་གོ་རིམ་ལྡན་པའི་འཁོར་སྐྱོད་ལམ་སྲོལ་བཙུགས་ཡོད། རང་སྐྱོང་ལྗོངས་ཀྱི་ལས་དོན་མི་སྣ་གྲོང་ཁྱེར(ས་ཁུལ)དང་། རྫོང(ཆུས)གྲོང་ཚོ(གྲོང་ལྷན)བཅས་སུ་བསྐྱོད་ནས་རིམ་པ་གཅིག་གིས་རིམ་པ་གཅིག་ལ་དམ་འཛིན་དང་རིམ་པ་སྟར་ཆགས་བཞིན་དོན་འཁྱོལ་བྱེད་པའི་འགན་འཁྲིའི་མ་ལག་བཙུགས་ཏེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་ལམ་སྲོལ་འགན་ལེན་བྱས་ཡོད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྔ་བར་ཕྱི་གསུམ་དུ་ཏང་གིས་སྨྱན་སྦྱོར་ཚན་པར་དོ་དམ་བྱེད་པའི་རྩ་དོན་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་བདེ་འཇགས་འགན་ལེན་བྱས་ཡོད། དེའང་ཕྱོགས་གཅིག་ནས་མཐུན་སྒྲིལ་བརྟན་ལྷིང་དང་ངར་ཤུགས་སློང་བ་དང་དྲང་ཕྱོགས་ནས་དྲིལ་བསྒྲགས་གཙོ་བོར་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་གསར་དར་སྨྱན་སྦྱོར་གྱི་འཐབ་སར་ནུས་ལྡན་ངང་དམ་འཛིན་ཡག་པོ་བྱས་ཡོད། དེ་དང་ཆབས་ཅིག་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་སྐྲུན་མགྱོགས་སུ་བཏང་ནས་རིག་གནས་ཐོན་ལས་རྒྱུན་ཆད་མེད་པར་རྒྱ་སྟོབས་ཆེ་རུ་གཏོང་བ་དང་བོད་དང་འབྲེལ་བའི་ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་བོད་ལྗོངས་འདི་ཉིད་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་ཁུལ་གལ་ཆེན་ཞིག་ཏུ་ཧུར་ཐག་སྐྲུན་ཡོད།

    སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱས་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་བཏང་བ།

    འདི་ལོའི་ཟླ་5ཚེས་18ཉིན་ཆབ་མདོ་གྲོང་ཁྱེར་དང་རྫོང(ཆུས)11གི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བརྙན་ལམ་དང་དྲ་རྒྱ་སྦྲེལ་བའི་མ་ལག་ཕྱོགས་ཡོངས་ནས་བསྐྲུན་པ་དང་འབྲེལ་ཚོད་ལྟ་བེད་སྤྱོད་གཏོང་འགོ་ཚུགས་པས་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་དོན་དང་ལས་སྒོ་ཁག་བརྙན་ལམ་ཅན་དང་། བཀོད་འདོམས་བཀོད་གཏོང་ལེབ་མོ་ཅན། ལས་དོན་འཁོར་སྐྱོད་ཕན་ཆེ་ཅན་བཅས་སུ་མངོན་འགྱུར་ཐུབ་ཡོད།

    “ཁུག་ཆ་མི་ལུས་པ་དང་གསལ་ཆ་ཆེ་བའི་བརྙན་པར་ལེན་ཆས་དེ་དག་གིས་ཆུ་ཚོད་ཉེར་བཞི་བར་མཚམས་མེད་པར ‘ལས་རེས’བྱེད་ཀྱི་ཡོད་པས་གང་སར་ཁྱབ་པའི‘ལྷའི་མིག’གི་དྲ་རྒྱ་དངོས་འབྲེལ་བསྐྲུན་པས་སྤྱི་ཚོགས་ཀྱི་བདེ་འཇགས་འགན་ལེན་ནུས་ལྡན་ཐུབ་ཡོད”ཅེས་ཆབ་མདོ་གྲོང་ཁྱེར་གྱི་གྲོང་མིས་བརྗོད་པ་དང་། ཆབ་མདོ་གྲོང་ཁྱེར་གྱི་ཁོངས་གཏོགས་ཁུལ་གྱི་སྤྱི་པའི་བདེ་འཇགས་བརྙན་ལམ་ལྟ་སྐུལ་ཚོད་འཛིན་བརྙན་པར་ལེན་ཆས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པས་གྲོང་མི་ཚང་མས་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད།

    2011ལོའི་ལོ་མཇུག་ནས་བཟུང་གྲོང་ཁྱེར་དང་གྲོང་རྡལ་ལ་དྲ་མིག་ཅན་གྱི་དོ་དམ་བྱ་ཐབས་ཕྱོགས་ཡོངས་ནས་ཁྱབ་སྤེལ་བཏང་སྟེ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་བྱ་ཐབས་གྲོང་ཁྱེར(ས་ཁུལ)7གྱི་ཨུ་ལྷན་གནས་ས་དང་རྫོང་གྲོང་ཡོངས་ལ་ཁྱབ་སྤེལ་བཏང་བ་དང་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་698བཙུགས་ཡོད། ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་ཞབས་ཞུའི་དོ་དམ་བྱ་ཐབས་དེ་དྲ་མིག་ཁག་མང་པོར་ཕྱེ་ནས“སྐར་མ་གསུམ་ནང་ཉེན་རྟོག་ལས་དོན་སྒྲུབ་པའི་རྣམ་པ”ཆགས་པ་བྱས་པ་དང་འབྲེལ་དམངས་ཕན་སྒྲིག་བཀོད་བཀོད་སྒྲིག་བྱས་ནས“དམངས་ཕན་སྨན་རྫས”དང་། “དམངས་ཕན་ཉི་གདུགས”“དམངས་ཕན་ངལ་གསོ་རྒྱག་ས”“དམངས་ཕན་མཁོ་ཆས”སོགས་དམངས་ཕན་ཞབས་ཞུའི་རྣམ་གྲངས་བཏོན་ཡོད།

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཁྲིམས་བཞིན་བཅོས་སྐྱོང་དང་། རང་འགུལ་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་བཅས་མཐའ་འཁྱོངས་བྱས་ནས་དམངས་ཆེད་དང་། དམངས་ཞེན། དམངས་ཕན། དམངས་བདེ་བཅས་འགོ་འཛུགས་སར་བརྩི་བ་དང་དྲ་མིག་ཅན་གྱི་དོ་དམ་དང་སྤྱི་ཚོགས་ཅན་གྱི་ཞབས་ཞུ་ཁ་ཕྱོགས་སུ་བཟུང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་དོ་དམ་བྱ་ཐབས་གསར་གཏོད་ནུས་ལྡན་བྱེད་པ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། མི་དམངས་ཀྱི་བདེ་འཇགས་འགན་ལེན། གང་ས་ཅི་ཐད་ནས་མང་ཚོགས་ལ་སྟབས་བདེ་སྐྲུན་པ་བཅས་ཀྱི་དྲ་རྒྱ་ཧུར་ཐག་བསྐྲུན་ནས་ཞི་མཐུན་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད།

    ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་གྲོང་ཚོའི(གྲོང་ལྷན)མང་ཚོགས་ཁྲོད་ནས“གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི་མིང་བཏོན་འདེམས་བསྐོ་བྱས་ནས་དུད་སྦྲེལ་རྨང་གཞིར་བྱེད་པ་དང་། ཡུག་ཁུལ་མི་དམངས་ཉེན་རྟོག་པ་དང་བདེ་སྲུང་མི་སྣ་རྐང་འཛིན་དུ་བྱེད་པ། གྲོང་རྡལ(ཁྲོམ་གཞུང་དོན་གཅོད་ཁྲུའུ)ཕྱོགས་བསྡུས་བཅོས་སྐྱོང་གཞུང་ལས་ཁང་དང་མངགས་གཏོང་ཁང་ལྟེ་བར་བྱེད་པ་བཅས་ཀྱི“གནད་དོན་ཐག་གཅོད་མཐར་ཕྱིན་པ་ཐུབ་པ་དང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་གནས་ཚུལ་ཕྱི་གསལ་ནང་གསལ་ཐུབ་པའི”སྤྱི་ཚོགས་དོ་དམ་མ་ལག་ཆགས་པ་དང“ཐོན་ཁུངས་མཉམ་སྤྱོད་དང་། ཁེ་ཕན་མཉམ་ཐོབ། ལེགས་ཆ་གསབ་རེས། ཉེན་ཁ་མཉམ་ཁུར། མཉམ་དུ་འཕེལ་རྒྱས། བརྟན་ལྷིང་མཉམ་སྲུང”བཅས་ཀྱི་འགན་འཁྲིའི་གཅིག་མཐུན་འདུས་གྲུབ་ཆགས་པ་བྱས་ཡོད།

    སྟོད་ལུང་བདེ་ཆེན་ཆུས་ཀྱི“གཉིས་ཕན་དུད་སྦྲེལ”གྱི་གཅིག་མཐུན་འདུས་གྲུབ་ནི་རང་ལྗོངས་ཀྱིས“གཉིས་ལྡན་དུད་སྦྲེལ”ལས་དོན་སྤེལ་བའི་མཚོན་ཚུལ་ཞིག་རེད། འགན་འཁྲིའི་གཅིག་མཐུན་འདུས་གྲུབ་དེ་ལས་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུར་སྟབས་བདེ་བྱུང་ཡོད་ལ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུར་ཡང་རྩ་འཛུགས་ཀྱི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་བཟང་པོ་བཏིང་ནས་མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་ཐུབ་པའི་འགན་ལེན་གཞན་ཞིག་ཏུ་གྱུར་ཡོད།

    2013ལོའི་ཟླ་2པའི་འབྲས་སྤུངས་དགོན་དང་། སེ་ར་དགོན། དགའ་ལྡན་དགོན་བཅས་ཀྱི་དགེ་འདུན་པའི་འཐུས་མིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་བཀའ་དྲིན་ཆེ་ཞུ་བའི་འཕྲིན་ཡིག་ཕུལ་ནས“དགོན་སྡེ་ཆེན་པོ་གསུམ”གྱི་དགེ་འདུན་པ་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་བཀའ་དྲིན་ཆེ་ཞུ་བའི་བསམ་པ་བརྒྱུད་སྤྲོད་གནང་རྒྱུའི་རེ་བ་ཞུས་ནས་ངེས་པར་དུ་རྒྱལ་གཅེས་ཆོས་གཅེས་དང་། ཆོས་དར་དམངས་ཕན་གྱིས་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་བློ་སེམས་གཅིག་མཐུན་དང་བྱ་སྤྱོད་གཅིག་གྱུར་ཐུབ་པ་བྱེད་རྒྱུ་ཡིན་ཞེས་བརྗོད་ཡོད།

    དགོན་སྡེའི་དོ་དམ་ལམ་ལུགས་གསར་གཏོད་བྱེད་པ་ནི་རང་ལྗོངས་ཀྱིས་སྤྱི་ཚོགས་དོ་དམ་ལམ་ལུགས་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པའི་ཕྱོགས་གལ་ཆེན་ཞིག་ཡིན་པ་དང་། དགོན་སྡེ་སྤྱི་ཚོགས་ཀྱི་གཞི་རྩའི་གྲུབ་ཆ་དང་སྤྱི་ཚོགས་ཀྱི་སྡེ་ཚན་ཞིག་ཏུ་བརྩི་བ་དང་། རྒྱ་ཆེའི་གྲྭ་བཙུན་རྣམས་གཉེན་ཉེ་དང་། གྲོགས་པོ། སྤྱི་དམངས་དཀྱུས་མ། གཞི་རྩའི་མང་ཚོགས་བཅས་ལ་བརྩིས་ཏེ་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་བྱ་ཐབས་རབ་དང་རིམ་པ་དོན་འཁྱོལ་བྱ་རྒྱུ་གཙོ་གནད་དུ་བཟུང་བས་དགོན་སྡེའི་གྲྭ་བཙུན་ཚོས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་ཡོད་སྟབས་རྒྱ་ཆེའི་གྲྭ་བཙུན་དང་སྤྱི་ཚོགས་ལས་རིགས་ཁག་གི་བརྩི་བཀུར་དང་དགའ་བསུ་ཐོབ་ཡོད།

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཆོས་ལུགས་ལས་ཀའི་གཙོ་གནད་གཤམ་སྒྱུར་དང་གཞི་རིམ་དུ་བསྒྱུར་རྒྱུ་མཐའ་འཁྱོངས་བྱས་ནས་རང་འགུལ་ངང་དགོན་སྡེ་དང་འབྲེལ་བ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། གྲྭ་བཙུན་གྱི་སེམས་ཁྲལ་དང་དཀའ་ངལ་ཧུར་ཐག་སེལ་བ། དགོན་སྡེའི་དོ་དམ་ཞབས་ཞུའི་ལམ་སྲོལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པ། “འབྲེལ་གཏུག་གཅིག”དང“གཅིག་རེ་དྲུག”“ཡོད་པ་དགུ”“ཡོངས་ཁྱབ་གཅིག”“གསར་གཏོད་གཅིག”“སློབ་གསོ་གཅིག”“འདུ་འགོད་གཅིག”“ཞབས་ཞུ་གཅིག”སོགས་དགོན་ཕན་གྲྭ་ཕན་གྱི་བྱ་ཐབས་ལག་ལེན་ཤུགས་ཆེན་བསྟར་བ། དུས་བབས་གསར་པའི་མི་རིགས་ཆོས་ལུགས་ལས་དོན་གྱི་དོ་དམ་ཐབས་ལམ་ནུས་ལྡན་ཞིག་འཚོལ་ཞིབ་བྱེད་པ་བཅས་བྱས་ཏེ་བོད་ལྗོངས་ཀྱི་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས་། དགོན་སྡེ་ཞི་མཐུན་བཅས་ཡོང་ཆེད་རྨང་གཞི་བརྟན་པོ་གཏིང་ཡོད།

    2011ལོ་ནས་བཟུང་རང་སྐྱོང་ལྗོངས་ཀྱིས་ཕུལ་བྱུང་ལས་བྱེད་པ་7486མངགས་གཏོང་གིས་ལྗོངས་ཡོངས་ཀྱི་དགོན་སྡེ་ཚང་མར་བཅའ་སྡོད་བྱས་པས་དགོན་སྡེའི་དོ་དམ་ཨུ་ལྷན་ཕྱོགས་ཡོངས་ལ་ཁྱབ་པ་དང་ལས་བྱེད་པ་དགོན་སྡོད་རྒྱུན་རྣམ་ཅན་དུ་གྱུར་ཡོད། “ང་ཚོར་སྲིད་གཞུང་གི་དྲོ་སྐྱིད་ཚོར་ཆེ་ཤོས་ནི་ང་ཚོ་ནད་གཞིས་རྐྱེན་པས་སྨན་ཁང་ནང་སྡོད་པའི་སྨན་རིན་ལ་སེམས་ཁྲལ་བྱེད་མི་དགོས་པ་དེ་རེད”ཅེས་སེ་ར་དགོན་པའི་རྒན་གསོ་ཁང་གི་དགེ་འདུན་པ་རྒན་གྲས་སྐལ་བཟང་ནོར་བུས་བརྗོད་པ་དང་། ཁོང་ལ་བདེ་སྐྱིད་ལྡན་པའི་འཚོ་བ་མྱོང་ཚོར་ཏན་ཏིག་ཐུབ་ཡོད།

    དམངས་འཚོ་ལེགས་གཏོང་གི་བྱ་ཐབས་གསར་གཏོད་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་དམངས་སེམས་ཀྱི་རྨང་གཞི་བརྟན་པོ་བཏིང་བ།

    དམངས་འཚོ་ནི་འཕེལ་རྒྱས་ཀྱི་དམིགས་ཡུལ་དང་མི་སེམས་ནི་ཆབ་སྲིད་ཀྱི་དོན་ཆེན་ཞིག་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྦྲེལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་དགོས་པའི”མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་དམངས་འཚོ་སྔོན་ལ་འཇོག་པ་དང་། དམངས་འཚོ་སྔོན་དུ་སྒྲུབ་རྒྱུ་མཐའ་འཁྱོངས་ཀྱིས་ལོ་ལྟར་དམངས་བདེ་དམངས་ཕན་གྱི“དོན་དངོས་བཅུ”ཡག་པོ་བསྒྲུབས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་རེད། གཞི་རྩའི་སྤྱི་པའི་ཞབས་ཞུ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མི་དམངས་མང་ཚོགས་ཀྱི་དོ་ཁུར་ཆེ་ཤོས་དང་། ཐད་ཀར་འབྲེལ་བ་ཡོད་པ། ཆེས་དངོས་ཡོད་ཀྱི་ཁེ་ཕན་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མི་རིགས་ཁག་གི་མང་ཚོགས་དང་རྒྱ་ཆེའི་གྲྭ་བཙུན་ལ་མཐུན་སྒྲིལ་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟངས་གྱང་ལྕགས་རྩིག་སྐྲུན་པ་དང་རྒྱལ་ཁབ་ཀྱི་ཁེ་ཕན་ཆེ་ཤོས་དང་། སྤྱི་ཚོགས་ཡོངས་ཀྱི་ཁེ་ཕན། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་བཅས་སྲུང་སྐྱོང་ཡག་པོ་བྱས་ཡོད།

    2016ལོའི་ཟླ་9པར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ནག་ཆུ་ས་ཁུལ་དུ་བརྟག་ཞིབ་གནང་སྐབས“ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་གཟི་བསོད་བློ་རྩ་བརྟན་པོས་ཆེ་རུ་གཏོང་དགོས་པ་དང་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ་དམངས་འཚོ་སྔོན་ལ་འཇོག་པ་དང་དམངས་འཚོ་སྔོན་དུ་སྒྲུབ་རྒྱུ་མཐའ་འཁྱོངས་བྱས་ནས་མ་དངུལ་དང་སེམས་ནུས་དེ་བས་མང་བ་གཞི་རིམ་ཞིང་འབྲོག་ཁུལ་དུ་གཟིགས་སྐྱོང་བྱས་ཏེ་མང་ཚོགས་ཀྱི་དོ་ཁུར་ཆེ་ཤོས་དང་། ཐད་ཀར་འབྲེལ་བ་ཡོད་པ། ཆེས་དངོས་ཡོད་ཀྱི་ཁེ་ཕན་བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ་སྒྱུར་འཕེལ་བརྟན་གསུམ་གྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

    མང་ཚོགས་ཁྲོད་དུ་རྩ་བ་བརྟན་པོ་བཙུགས་ཚེ་གཞི་ནས་མང་ཚོགས་དང་སེམས་པ་གཅིག་སྒྲིལ་དང་། དབུགས་ལམ་གཅིག་གྱུར། ལས་དབང་གཅིག་མཐུན་བཅས་ཡོང་ཐུབ། བདེ་སྡོད་ལས་གྲྭ་འཛུགས་སྐུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་86%ཡན་གྱི་ཞིང་འབྲོག་དུད་ཚང་བདེ་འཇགས་ལྡན་ཞིང་སྤྱོད་གོ་ཆོད་པའི་ཁང་པའི་ནང་སྤོ་ཐུབ་པ་བྱུང་བ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སྡོད་ཁང་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད། སྨན་བཅོས་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་རྫོང་དང་ཆུས་དང་། ཤང་དང་གྲོང་རྡལ། གྲོང་ཚོ་བཅས་རིམ་པ་གསུམ་གྱི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་མགྱོགས་མྱུར་ངང་འཐུས་སྒོ་ཚང་དུ་བཏང་བ་དང་ཞིང་འབྲོག་པའི་རིན་མེད་སྨན་བཅོས་ལམ་ལུགས་གཞི་རྩའི་ཆ་ནས་བསྐྲུན་ཡོད། དམངས་ཡོངས་ཀྱི་བདེ་ཐང་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ནས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཁྲི་300ལྷག་ཙམ་ལ་རིན་མེད་ཀྱིས་གཟུགས་པོ་བརྟག་དཔྱད་ཐེངས་གཅིག་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།