[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཆེ་དགྲ་ལྷས་ལྷ་ཀླུ་འདམ་རར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-12

    ཚེས་9ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཕེབས་ནས་སྣོད་བཅུད་སྲུང་སྐྱོང་ལས་དོན་གྱི་གནས་ཚུལ་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་བཏང་སྟེ་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་ཏང་དང་མི་དམངས་དང་བུ་རབས་ཚ་རྒྱུད་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། བློ་བརྟན་འགྱུར་མེད་ངང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ཏེ་གངས་ལྗོངས་ས་མཐོའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཆར་པ་བབས་རྗེས་ལྷ་ཀླུ་འདམ་རའི་ཕྱོགས་བཞིར་བསྐྱོད་ནས་རྒྱང་ལྟ་བྱེད་སྐབས་འདམ་རྩྭ་དང་བོད་ལྗོངས་ས་མཐོའི་རྩྭ་མཁན་པ་སོགས་རི་སྐྱེས་རྩི་ཤིང་དང་སྔོ་ཁེབས་སྣ་ཚོགས་ཀྱིས་གང་སར་བཀླུབས་པ་དང་། ཁྲུང་ཁྲུང་མགོ་ཁྲ་དང་ངང་སེར་སོགས་བག་ཕེབས་ངང་རྩྭ་ཆུའི་ཁྲོད་འཚོ་གནས་བྱེད་བཞིན་ཡོད་པ་མཐོང་རྒྱུ་འདུག བསིལ་རླུང་ལྡང་བ་དང་བསྟུན་ནས་ཆར་རྗེས་ཀྱི་སྔོ་རྩྭའི་དྲི་བསུང་ལས་མཁའ་རླུང་དེ་བས་གཙང་བ་ཞིག་ཡོད་པ་སོགས་ཀྱི་རྣམ་པའི་ཁྲོད་ཆེ་དགྲ་ལྷ་དང་བཅས་པས་ས་ཆ་དངོས་སུ་གཟིགས་ཞིབ་དང་། ས་ཆ་དངོས་སུ་སྙན་སེང་གསན་པ། དཔྱད་གཞིའི་ཡིག་རིགས་ལ་གཟིགས་ཞིབ་གནང་བ་སོགས་ཀྱི་བྱ་ཐབས་བརྒྱུད་ནས་འདམ་རའི་སྣོད་བཅུད་སྲུང་སྐྱོང་ལས་དོན་གྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ལྷ་ཀླུ་འདམ་ར་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་དང་རྒྱ་ཁྱོན་ཆེ་ཤོས་ཀྱི་གྲོང་ཁྱེར་གྱི་རང་བྱུང་འདམ་ར་ཞིག་ཡིན་ལ་རང་རྒྱལ་གྱི་གྲོང་ཁྱེར་ནང་ཁུལ་གྱི་སྐམ་སའི་རང་བྱུང་འདམ་ར་འབའ་ཞིག་དེའང་ཡིན་པས“ལྷ་སའི་གློ་བ”དང“གསོ་རླུང་གི་རྐྱལ་པ་ཆེན་པོ”ཞེས་འབོད་སྲོལ་ཡོད།


    ལྷ་ཀླུ་འདམ་ར་སྲུང་སྐྱོང་ཡག་པོ་བྱེད་རྒྱུ་ནི་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་ཡིན་ལ། དེང་དུས་བདེ་སྐྱིད་སྐྲུན་པ་དང་ཕན་འབྲས་བསྐལ་བརྒྱར་ཐོབ་པའི་དམངས་འཚོའི་འདུ་འགོད་ཅིག་དེ་བས་ཀྱང་རེད། དེར་བརྟེན་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་འབུལ་བ་ཞིག་ཡིན་པའི”མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་ལྷ་ཀླུ་འདམ་རའི་རང་བྱུང་སྲུང་སྐྱོང་གི་དོན་སྙིང་གལ་ཆེན་གསལ་ཤེས་གང་ལེགས་བྱེད་པ་དང་། འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུགས་ཀྱི་བསམ་པ་བཅས་ཆེ་རུ་ཏན་ཏིག་བཏང་སྟེ་འདམ་རའི་སྣོད་བཅུད་སྲུང་སྐྱོང་གི་ལས་དོན་ཁག་ལ་དམ་འཛིན་ནན་པོ་དང་དམ་འཛིན་ཏན་ཏིག་བྱེད་དགོས་པ་དང་། “ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས”ཀྱི་བླང་བྱར་མཐའ་གཅིག་ཏུ་གཞིགས་པ་དང་འདམ་ར་སྲུང་སྐྱོང་དེ་བས་ལེགས་པོ་བྱེད་པའི་རྩ་དོན་ལ་ནན་པོར་དམིགས་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གཙོ་གནད་མངོན་གསལ་དོད་པ། བྱ་ཐབས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་ཁྲིམས་བཞིན་སྲུང་དགོས་པ། འཆར་འགོད་གཞིར་བཟུང་ལྷ་ཀླུ་འདམ་རའི་དེ་སྔའི་ཆུ་རྒྱུད་སླར་གསོ་བྱེད་པ་དང་། ཆུ་ཁོངས་ཀྱི་རྒྱ་ཁྱོན་ཆེ་རུ་གཏོང་བ་། ལྷ་ཀླུ་འདམ་རའི་ལེ་ལག་ཚང་བའི་སྲུང་སྐྱོང་འདུ་འགོད་ལ་སྐུལ་འདེད་བརྟན་པོ་གཏོང་བ། ཆུ་ཡུར་གཙོ་བོ་གཙང་བཟོ་དང་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པ། འདམ་རའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཉེ་འཁོར་གྱི་རི་ལྡེབས་སྔོ་འགྱུར་བྱེད་མགྱོགས་སུ་གཏོང་བ། འདམ་རའི་སྣོད་བཅུད་ནུས་པ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ། ཏང་དང་སྲིད་གཞུང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འགྱུར་མེད་ཆོད་སེམས་དང་། སྲིད་ཇུས་བྱ་ཐབས། འཕེལ་རྒྱས་གྲུབ་འབྲས་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་སྤྱི་དམངས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་ལས་རིགས་ཁག་ཁོར་ཡུག་སྲུང་སྐྱོང་ལ་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ་སྣོད་བཅུད་བདེ་འཇགས་ཀྱི་སྲུང་ཡོལ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་གསུངས་པ་རེད།
    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།