[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་དབུལ་སྒྲོལ་འགག་སྒྲོལ་ལྟ་ཞིབ་སྐོར་ཞིབ་ཚོགས་ཆུང་གིས་བོད་ལྗོངས་ལ་ལྟ་ཞིབ་བསམ་འཆར་སྐོར་བརྡ་ལན་གནང་བ།

    ​ ཀུང་ཕུའུ་ཀོང་གིས་བསམ་འཆར་བརྡ་ལན་གནང་བ་དང་། ཆེ་དགྲ་ལྷས་ གཙོ་སྐྱོང་གནང་བ། ཏིང་ཡེ་ཤན་གྱིས་སྙན་སེང་ཞུས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-07-17

    རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་2017ལོའི་དབུལ་སྒྲོལ་འགག་སྒྲོལ་ལྟ་ཞིབ་སྐོར་ཞིབ་ལས་དོན་ཚོགས་ཆུང་ལྔ་པས་ཟླ་7ཚེས་9ནས་ཚེས་14ཉིན་བར་རང་ལྗོངས་ལ་ལྟ་ཞིབ་སྐོར་ཞིབ་གནང་ཞིང་། ཚེས་14ཉིན་གྱི་སྔ་དྲོ་ལྟ་ཞིབ་སྐོར་ཞིབ་ཚོགས་ཆུང་གིས་རང་ལྗོངས་ཀྱི་ལས་དོན་སྙན་སེང་གསན་པ་དང་འབྲེལ་རང་ལྗོངས་ལ་ལྟ་ཞིབ་ཀྱི་ཐོག་མའི་བསམ་འཆར་སྐོར་བརྡ་ལན་ཡང་གནང་བ་རེད།

    དམངས་སྲིད་པུའི་པུའུ་ཀྲང་གཞོན་པ་ཀུང་ཕུའུ་ཀོང་དང་རིག་གནས་པུའི་པུའུ་ཀྲང་གཞོན་པ་ཀྲང་ཤུས་ཕེབས་པ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་གཙོ་སྐྱོང་གནང་བ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་ཚུལ་སྙན་སེང་ཞུས་པ་རེད།

    བོད་དུ་བཞུགས་རིང་ལྟ་ཞིབ་སྐོར་ཞིབ་ཚོགས་ཆུང་ལྷ་ས་དང་། གཞིས་རྩེ། ལྷོ་ཁ་བཅས་གྲོང་ཁྱེར་3གྱི་རྫོང་5རུ་ཕེབས་ཤིང་། གཞི་རིམ་གྱི་ལས་བྱེད་པ་དང་གླེང་མོལ་དང་། མང་ཚོགས་དབུལ་པོར་འདྲི་རྟོགས། དབུལ་སྐྱོར་གཙོ་གནད་རྣམ་གྲངས་ལ་ལྟ་ཞིབ་སོགས་ཀྱི་རྣམ་པའི་ཐོག་ནས་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་ཚུལ་ས་གནས་ས་ཐོག་ཏུ་ལྟ་ཞིབ་སྐོར་ཞིབ་གནང་བ་རེད།

    ཀུང་ཕུའུ་ཀོང་གིས་ལྟ་ཞིབ་སྐོར་ཞིབ་ཚོགས་ཆུང་གི་ཚབ་ཞུས་ཏེ་ལྟ་ཞིབ་བྱས་པའི་ཐོག་མའི་བསམ་འཆར་སྐོར་བརྡ་ལན་གནང་ཞིང་། ཁོང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་མཐོང་ཆེན་གྱིས་བཀོད་སྒྲིག་ཞིབ་ཚགས་དང་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ནུས་པ་ཆེན་པོ་ལྡན་པའི་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་མ་ལག་ཅིག་བཙུགས་པ་དང་། ཀྲུང་དབྱང་གིས་གཟིགས་སྐྱོང་སྲིད་ཇུས་ཁག་བེད་སྤྱོད་གང་ལེགས་བཏང་བ། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དང་ཐོན་ལས་དབུལ་སྐྱོར་གཉིས་ཟུང་འབྲེལ་དམ་ཟབ་བྱས་ཏེ་དམིགས་བསལ་གྱི་དབུལ་སྐྱོར་སྲིད་ཇུས་ཡུལ་བབ་དང་བསྟུན་ནས་བཟོས་འདུག ལས་དོན་དེ་དག་གི་ཁྱད་ཆོས་འབུར་དུ་ཐོན་ཞིང་བཀྲག་མདངས་འཚེར་ས་མང་ལ་ཕན་འབྲས་ཀྱང་མངོན་གསལ་དོད་པོ་འདུག ད་དུང“གསུམ་ལྡན་གྲོང་ཚོ”སོགས་ཉམས་མྱོང་དང་བྱེད་སྟངས་ཡག་པོ་ཁག་གཅིག་ཆུ་གཏེར་རྒྱས་པ་བཞིན་དུ་ཐོན་པ་དང་། མང་ཚོགས་དབུལ་པོའི་ཐོབ་ཚོར་མངོན་གསལ་དོད་པོས་ཆེ་རུ་དང་བློ་ལ་བབ་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་བ། ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་སོང་འདུག་ཅེས་གསུངས་པ་རེད། ཁོང་གིས་སླད་ཕྱིན་བོད་རང་སྐྱོང་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་སྐོར་གྱི་རྩ་བའི་མཛད་ཇུས་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་གཏིང་ཟབ་དང་། དུས་བསྟུན་མདུན་སྐྱོད་དང་ཡང་འབད་བསྐྱར་འབད། བྱེད་ཐབས་དང་སྲིད་ཇུས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ནས་མང་ཚོགས་དབུལ་པོའི་ནང་གནས་སྒུལ་ཤུགས་སྔར་བས་ཆེ་རུ་འགྲོ་བ་བྱ་རྒྱུ་དང་། ཐོན་ལས་དབུལ་སྐྱོར་སྲིད་ཇུས་ཀྱི་གནད་སྨིན་རང་བཞིན་སྔར་བས་ཆེ་རུ་གཏོང་རྒྱུ། གནད་སྨིན་དབུལ་སྒྲོལ་དང་གྲོང་གསེབ་གསར་པ་འཛུགས་སྐྲུན་གཉིས་ལ་སྤྱི་འདོམས་ཀྱིས་བསམ་གཞིག་བྱས་ཏེ་དངོས་པོའི་དབུལ་སྒྲོལ་དང་བསམ་པའི་དབུལ་སྒྲོལ་གཉིས་ཀར་འཐུས་ཤོར་མི་འགྲོ་བ་བྱ་རྒྱུ། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གཉིས་ཀར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཆེ་དགྲ་ལྷས་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་དང་། དེ་བཞིན་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ཏེ་ལྟ་ཞིབ་སྐོར་ཞིབ་ཚོགས་ཆུང་བོད་དུ་ལས་དོན་སྤེལ་བར་ཕེབས་པར་དགའ་བསུ་ཞུས་ཤིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྟ་ཞིབ་སྐོར་ཞིབ་ཚོགས་ཆུང་གིས་བརྡ་ལན་གནང་བའི་གནད་དོན་ལ་མཐོང་ཆེན་པོ་བྱ་རྒྱུ་ཡིན། དག་ཐེར་ཟུར་འཛུགས་རྩིས་ཁྲ་བཟོ་བ་དང་། དག་ཐེར་བྱེད་ཐབས་གཏན་འཁེལ་ཁ་གསལ་བྱེད་པ། ལས་འགན་ཁག་བགོས་ཁ་གསལ་བྱེད་པ། དག་ཐེར་དུས་བཀག་གསལ་པོ་བཟོ་བ་བཅས་བྱས་ཏེ་རེ་རེ་བཞིན་དོན་འཁྱོལ་བྱས་ནས་གནད་དོན་ཁག་དག་ཐེར་ཡག་པོ་བྱེད་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། ཁོང་གིས་ས་ཁུལ་ཁག་དང་སྡེ་ཚན་ཁག་ལ“འདུ་ཤེས་བཞི”སྔར་བས་ཟབ་ཏུ་དང་། གདེང་ཚོད་དང་ཆོད་སེམས་བརྟན་དུ། དབུལ་སྐྱོར་འགག་སྒྲོལ་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་མཐར་ཕྱིན་བཅས་བྱེད་པ་དང་། ད་རེས་ཀྱི་ལྟ་ཞིབ་སྐོར་ཞིབ་དེ་གོ་སྐབས་ཤིག་ཏུ་བརྩིས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་གནད་དོན་ལ་དམ་པོར་དམིགས་པ་དང་དབྱེ་ཞིབ་གཏིང་ཟབ་བྱེད་པ། སྔར་ཡོད་ཀྱི་ལས་ཀའི་རྨང་གཞིའི་ཐོག་དབུལ་སྐྱོར་འགག་སྒྲོལ་གྱི་བྱེད་ཐབས་ཁག་སྔར་བས་ལག་བསྟར་དོན་འཁྱོལ་མཐར་ཕྱིན་བྱེད་པ། གནད་ལ་འཁེལ་པོས་དབྱེ་འབྱེད་བྱ་རྒྱུ་དང་། ཐོན་ལས་ལ་བརྟེན་ནས་དབུལ་སྐྱོར་བྱ་རྒྱུ། ཤིན་ཏུ་དབུལ་པོའི་ས་ཁུལ་ལ་གཏོང་ཆ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། མང་ཚོགས་དབུལ་པོའི་ནང་གནས་སྒུལ་ཤུགས་ཆེ་རུ་གཏོང་རྒྱུ་སོགས་ཀྱི་ཐད་འབད་བརྩོན་ལྷོད་མེད་ཀྱིས་ཕན་འབྲས་ངོ་མ་ཐོན་པར་བྱེད་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། བྱེད་ཐབས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ། ལས་འགན་དང་ལས་ཀ་དམིགས་སར་འབྱོར་བའི་འགན་ལེན་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཞེས་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།