[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ​ མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་སྒོ་ཐེངས་གཉིས་པ་སྤེལ་འགོ་ཚུགས་པ།

    ​ ཝུའུ་དབྱིང་ཅེས་རུ་དར་སྤྲད་གནང་བ། ཆེ་དགྲ་ལྷས་ཤིས་ཚིག་གསུངས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-06-19

    406124_yis_1497760876824_s.jpg

    ཟླ་6ཚེས་17ཉིན་གྱི་སྔ་དྲོ་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་འགོ་འཛུགས་པ་དང་གཙང་པོ་དང་མཚེའུའི་ཆུ་འགོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཀྱི་རྡོག་ཐོན་མཛད་སྒོ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་གཙང་པོ་དང་མཚེའུའི་ཆུ་འགོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་རུ་ཁག་ལ་རུ་དར་སྤྲད་གནང་བ་དང་འབྲེལ་རྡོག་ཐོན་བྱ་རྒྱུའི་ཁྱབ་བསྒྲགས་ཀྱང་གནང་བ་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཤིས་ཚིག་གསུངས། འདི་ནི་ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷ་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་སུའོ་ལྷ་ས་པུའི་ཚན་ཞིབ་གྲུབ་འབྲས་འགྲེམས་པང་དང་ཁྱགས་སྙིང་འདྲ་དཔེའི་གྲང་མཛོད་ལ་ལྟ་སྐོར་གནང་བའི་གནས་ཚུལ་ཡིན་པ།

    ཟླ་6ཚེས་17ཉིན་གྱི་སྔ་དྲོ་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་འགོ་འཛུགས་པ་དང་གཙང་པོ་དང་མཚེའུའི་ཆུ་འགོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཀྱི་རྡོག་ཐོན་མཛད་སྒོ་ལྷ་སར་འཚོགས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་གཙང་པོ་དང་མཚེའུའི་ཆུ་འགོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་རུ་ཁག་ལ་རུ་དར་སྤྲད་གནང་བ་དང་འབྲེལ་རྡོག་ཐོན་བྱ་རྒྱུའི་ཁྱབ་བསྒྲགས་ཀྱང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཤིས་ཚིག་གསུངས་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཧྥང་ལིང་མིན་མཛད་སྒོར་ཕེབས་པ་བཅས་རེད།

    ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷ་སོགས་ཀྱིས་ཚན་རིག་རྟོག་ཞིབ་རུ་ཁག་གི་རུ་མིར་གཟིགས་པ་དང་འབྲེལ་མཉམ་དུ་དྲན་རྟེན་པར་ཡང་བསྐྱོན་པ་རེད། དེ་རྗེས་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་སུའོ་ལྷ་ས་པུའི་ཚན་ཞིབ་གྲུབ་འབྲས་འགྲེམས་པང་དང་ཁྱགས་སྙིང་འདྲ་དཔེའི་གྲང་མཛོད་བཅས་ལ་ལྟ་སྐོར་གནང་ཞིང་། ཁོང་གིས་ཕེབས་ཞོར་དུ་འབྲེལ་ཡོད་གནད་དོན་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲེ་མཚོ་བོད་ས་མཐོ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཡའོ་ཐན་ཏུང་དབར་སྤེལ་རེས་ཟབ་མོ་གནང་བ་དང་། མཚོ་བོད་ས་མཐོའི་ཞིབ་འཇུག་ལ་ཐོབ་པའི་ཚན་ཞིབ་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ནས་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད།

    ཝུའུ་དབྱིང་ཅེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་ནས་མཚོ་བོད་ས་མཐོ་ནི“འཛམ་གླིང་གི་ཡང་རྩེ”དང་། “ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”“སའི་གོ་ལའི་སྣེ་གསུམ་པ”བཅས་ཡིན་པས་མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་རེད་ཅེས་ནན་བཤད་ཡང་ཡང་གནང་མྱོང་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་དང་ལྷག་དོན་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་པ་གལ་ཆེན། “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་པའི་མཛུབ་སྟོན་གལ་ཆེན་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནི་ཐོན་སྐྱེད་ནུས་ཤུགས་སྲུང་སྐྱོང་བྱེད་པ་དང་སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་ཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། སྔ་ཕྱི་བར་གསུམ་དུ་སྣོད་བཅུད་བདེ་འཇགས་ཉིད་མཐའ་ཚད་དང་། དམར་ཐིག གློག་ཆེན་བཅས་ལ་བརྩི་བ། ཐོན་ལས་ཆོག་འཐུས་ཀྱི་བཀག་རྒྱའི་གསལ་ཐོ་འཛུགས་པ། སྣོད་བཅུད་ལས་གྲྭ་གཙོ་བོ་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་ཀྱི་ས་ཆ་སྔོ་ལྗང་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། སྣོད་བཅུད་ཤེས་དཔལ་གྱི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ“འཛམ་གླིང་ཐོག་གི་མཐའ་མའི་དག་ཞིང་མཐའ་མ”སྲུང་སྐྱོང་ཡག་པོ་བྱེད་དགོས། མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ཡིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་དང་བློ་མཐུན་ཧོང་ཏ་ཉན་ལ་སློབ་སྦྱོང་བྱ་རྒྱུའི་སྐོར་གྱི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་དང་པོའི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་བ། ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཕུགས་བསམ་འཆང་བ། ཤེས་ལྡན་མི་སྣའི་རིག་སྟོབས་ཀྱི་ལེགས་ཆ་མུ་མཐུད་འདོན་སྤེལ་བཅས་བྱས་ཏེ་རྒྱལ་གཅེས་ཀྱི་བསམ་པ་དང་། རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བསམ་པ། ཚན་རིག་གི་སྙིང་སྟོབས་བཅས་མེས་རྒྱལ་སྒྱུར་བཅོས་འཕེལ་རྒྱས་གཏོང་རིང་གི་རླབས་ཆེན་གྱི་བྱ་གཞག་དང་། མི་དམངས་ཀྱིས་ལོ་རྒྱུས་གཏོད་པའི་རླབས་ཆེན་གྱི་འབད་འཐབ། ཚན་རིག་རྟོག་ཞིབ་བྱེད་སྒོ་བཅས་ཀྱི་ཁྲོད་དུ་མཉམ་འདྲེས་ཐུབ་པ་བྱས་ནས་ལོ་རྒྱུས་ཀྱི་ཚོད་བགམ་ཐུབ་པ་དང་ལག་ལེན་གྱིས་ཞིབ་དཔྱད་ཐུབ་པའི་ལས་རྗེས་གསར་པ་གཏོད་རྒྱུའི་རེ་བ་ཆེན་པོ་ཡོད། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་རྒྱལ་ཁའི་ངང་ལེགས་སྒྲུབ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཆེ་དགྲ་ལྷས་ཤིས་ཚིག་གསུང་སྐབས་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་2003ལོར་བཙུགས་ཚུན། ས་མཐོར་གཞིས་ཆགས་པ་དང་དཀའ་སྤྱད་འབད་འཐབ་ཀྱིས་ལས་གཏོད་བྱས་ནས་ཆུ་ཚད་མཐོ་བའི་ཞིབ་འཇུག་གི་གྲུབ་འབྲས་གལ་ཆེན་ཐོབ་པ་མ་ཟད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་གལ་ཆེན་ཡང་ཕུལ་ཡོད། ཀྲུང་གོ་ཚན་རིག་ཁང་གིས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་བྱེད་དོན་ནི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད། ད་ཐེངས་ཀྱི་ཚན་རིག་རྟོག་ཞིབ་ཀྱིས་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་སུ་གཏོང་བ། རང་ལྗོངས་ཀྱི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཞིབ་འཇུག་དཔུང་ཁག་འཚར་ལོངས་དང་རིག་གཞུང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། ཚན་རིག་རྟོག་ཞིབ་རུ་མི་ཚོས་ཡག་ཐོག་ཡག་བརྩེགས་དང་། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། བློ་ཁོག་ཆེན་པོས་འཚོལ་ཞིབ་བཅས་བྱས་ཏེ་ཕུལ་བྱུང་ཚན་ཞིབ་ཀྱི་གྲུབ་འབྲས་གསར་པ་དེ་བས་མང་བ་ཐོབ་པ་བྱས་ནས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་ཚན་རྩལ་གྱི་འདེགས་སྐྱོར་ཤུགས་ཆེན་བྱ་རྒྱུའི་རེ་བ་ཡོད། བོད་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་སྔར་རྒྱུན་བཞིན་ད་ཐེངས་ཀྱི་ཚན་རིག་རྟོག་ཞིབ་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་དང་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    རྡོག་ཐོན་མཛད་སྒོའི་ཐོག་ཡའོ་ཐན་ཏུང་གིས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཀྱི་ནང་དོན་ངོ་སྤྲོད་རགས་ཙམ་བྱས་པ་རེད།

    དེ་རྗེས་ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷ་སོགས་འགོ་ཁྲིད་བློ་མཐུན་གྱིས་ཚན་རིག་རྟོག་ཞིབ་རུ་ཁག་གི་རུ་མི་ཕེབས་སྐྱེལ་ཞུས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།