[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་སྲོལ་ཡིག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-22

    (1990ལོའི་ཟླ་5ཚེས་31ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ལྔ་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱས། 1996ལོའི་ཟླ་7ཚེས་12ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉི་ཤུ་པའི་ཐོག་དག་བཅོས་ཐེངས་དང་པོ་བྱས། 2007ལོའི་ཟླ་7ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་གཉིས་པའི་ཐོག་བཟོ་བཅོས་ཐེངས་གཉིས་པ་བྱས། 2011ལོའི་ཟླ་11ཚེས་24ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་ལྔ་པའི་ཐོག《<བོད་རང་སྐྱོང་ལྗོངས་ཀྱི་ཆུ་བེད་ལས་གྲྭའི་དོ་དམ་སྲོལ་ཡིག>སོགས་ཁྲིམས་སྲོལ་ཁག་བརྒྱད་ཀྱི་བཟོ་བཅོས་སྐོར་གྱི་ཆོད་དོན》ལ་དག་བཅོས་ཐེངས་གསུམ་པ་བྱས། 2021ལོའི་ཟླ་9ཚེས་29ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་གཉིས་པའི་ཐོག《<《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མ་བུའི་འཕྲོད་སྦྱོར་བཅའ་ཁྲིམས》ཀྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས>སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་བརྒྱད་ཀྱི་བཟོ་བཅོས་སྐོར་གྱི་ཆོད་དོན》གཞིར་བཟུང་དག་བཅོས་ཐེངས་གསུམ་པ་བྱས)

    དཀར་ཆག

    ལེའུ་དང་པོ། སྤྱིའི་རྩ་དོན།

    ལེའུ་གཉིས་པ། ལྟ་སྐུལ་དོ་དམ་དང་འགན་སྲུང་བྱ་ཐབས།

    ལེའུ་གསུམ་པ། སྤོ་ཐབས་མེད་པའི་རིག་དངོས།

    ལེའུ་བཞི་པ། གནའ་རྫས་དཔྱད་ཞིབ་སྔོག་འཚོལ།

    ལེའུ་ལྔ་པ། རྟེན་མཛོད་དུ་ཉར་ཚགས་བྱས་པའི་རིག་དངོས།

    ལེའུ་དྲུག་པ། དམངས་ཁྲོད་དུ་བསྡུ་ཉར་བྱས་པའི་རིག་དངོས།

    ལེའུ་བདུན་པ། རིག་དངོས་པར་ལེན་དང་། པར་བཤུས། འདྲ་བཟོ།

    ལེའུ་བརྒྱད་པ། རིག་དངོས་རྒྱལ་མཚམས་འགྲོལ་ནས་ཕྱིར་གཏོང་ནང་འདྲེན་བྱེད་པ།

    ལེའུ་དགུ་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

    ལེའུ་བཅུ་པ། ཞར་བྱུང་།

    ལེའུ་དང་པོ། སྤྱིའི་རྩ་དོན།

    དོན་ཚན་དང་པོ། རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་བྱེད་རྒྱུར་ཤུགས་སྣོན་རྒྱག་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས》དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྲོལ་ཡིག་འདི་བཟོས་པ་ཡིན།

    དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ཀྱི་གཤམ་གསལ་རིག་དངོས་ཁག་ལ་རྒྱལ་ཁབ་ཀྱི་སྲུང་སྐྱོབ་ཐོབ་པ་སྟེ།

    (གཅིག)ལོ་རྒྱུས་དང་། སྒྱུ་རྩལ། ཚན་རིག་བཅས་ཀྱི་རིན་ཐང་ལྡན་པའི་གནའ་བོའི་རིག་གནས་ཤུལ་དངོས་དང་། གནའ་བོའི་ཨར་སྐྲུན་དངོས་རིགས། གནའ་བོའི་བང་སོ། བྲག་ཕུག་ལྷ་ཁང་། རྡོ་བརྐོས། ལྡེབས་རིས། བྲག་བརྐོས་རི་མོ། དེ་བཞིན་དེ་དག་གི་ཞོར་གཏོགས་དངོས་རྫས་དང་།

    (གཉིས)ལོ་རྒྱུས་ཀྱི་དོན་རྐྱེན་ཆེན་པོ་དང་། གསར་བརྗེའི་ལས་འགུལ། གྲགས་ཅན་མི་སྣ་བཅས་དང་འབྲེལ་བ་ཡོད་པའི་དྲན་གསོའི་དོན་སྙིང་དང་སློབ་གསོའི་དོན་སྙིང་ངམ་ཡང་ན་ལོ་རྒྱུས་ཀྱི་དཔྱད་གཞིའི་རིན་ཐང་ཆེན་པོ་ལྡན་པའི་རྩ་ཆེའི་ལོ་རྒྱུས་གནའ་ཤུལ་དང་། དངོས་པོ། ཚབ་མཚོན་ལྡན་པའི་ཨར་སྐྲུན་དངོས་རིགས་དང་དེའི་ཞོར་གཏོགས་དངོས་རྫས།

    (གསུམ)ལོ་རྒྱུས་ཐོག་ནས་གྲུབ་པ་དང་ཤུལ་བཞག་ཉར་ཚགས་བྱས་པའི་ཆོས་ལུགས་དང་སྤྱི་ཚོགས་ལ་བག་ཆགས་ངེས་ཅན་ཡོད་པའི་ཆོས་ཀྱི་ཡོ་བྱད་དང་དད་བཀུར་དངོས་རྫས་ཀྱི་ཤུལ་དངོས།

    (བཞི)ལོ་རྒྱུས་ཐོག་གི་དུས་རབས་སོ་སོའི་མི་རིགས་ཁག་གི་སྤྱི་ཚོགས་གནས་བབ་དང་། སྤྱི་ཚོགས་ལམ་ལུགས། ཐོན་སྐྱེད་བྱེད་སྟངས། འཚོ་བ་སྐྱེལ་སྟངས་སོགས་མཚོན་པའི་དངོས་རིགས།

    (ལྔ)ལོ་རྒྱུས་ཐོག་གི་དུས་རབས་སོ་སོའི་གལ་ཆེའི་ཚད་ལྡན་དཔྱད་ཡིག་དང་དེ་བཞིན་ལོ་རྒྱུས་དང་། སྒྱུ་རྩལ། ཚན་རིག་བཅས་ཀྱི་རིན་ཐང་ལྡན་པའི་ལག་བྲིས་ཡིག་རིགས་དང་། ཡིག་རྙིང་། གནའ་བོའི་དཔེ་དེབ་རྙིང་པ། གསུང་རབ་པོ་ཏི་སོགས།

    (དྲུག)ལོ་རྒྱུས་ཐོག་གི་དུས་རབས་སོ་སོའི་རྩ་ཆེའི་སྒྱུ་རྩལ་དངོས་རྫས་དང་བཟོ་རིག་མཛེས་རྩལ་དངོས་རྫས་བཅས་སོ།

    ཚན་རིག་གི་རིན་ཐང་ལྡན་པའི་གནའ་བོའི་སྒལ་ཚིགས་ཅན་གྱི་སྲོག་ཆགས་འགྱུར་རྡོ་དང་། དེ་བཞིན་གནའ་མིའི་འགྱུར་རྡོ་དང་། ལོ་རྒྱུས་ཀྱི་རིན་ཐང་ལྡན་པ་དང་དྲན་གསོའི་དོན་སྙིང་ལྡན་པའི་གནའ་ཤིང་དང་གྲགས་ཅན་ཤིང་སྣ་བཅས་ལ་རིག་དངོས་དང་འདྲ་བར་རྒྱལ་ཁབ་ཀྱི་སྲུང་སྐྱོབ་ཐོབ་ཀྱི་ཡོད།

    དོན་ཚན་གསུམ་པ། རང་སྐྱོང་ལྗོངས་སྲིད་འཛིན་ས་ཁོངས་ཀྱི་ས་འོག་དང་ཆུ་རྒྱུད་དུ་ཡོད་པའི་རིག་དངོས་མཐའ་དག་རྒྱལ་ཁབ་ལ་དབང་བ་ཡིན། གནའ་བོའི་རིག་གནས་རྗེས་ཤུལ་དང་། གནའ་བོའི་བང་སོ། བྲག་ཕུག་ལྷ་ཁང་། བྲག་བརྐོས་རི་མོ་བཅས་རྒྱལ་ཁབ་ལ་དབང་བ་ཡིན། རྒྱལ་ཁབ་ཀྱིས་སྲུང་སྐྱོབ་བྱེད་རྒྱུར་དམིགས་གཏན་འཁེལ་བའི་དྲན་གསོའི་ཨར་སྐྲུན་དངོས་རིགས་དང་། གནའ་བོའི་ཨར་སྐྲུན་དངོས་རིགས། རྡོ་བརྐོས། ལྡེབས་རིས་དེ་བཞིན་ཉེ་རབས་དང་དེང་རབས་ཀྱི་ཚབ་མཚོན་ཨར་སྐྲུན་དངོས་རིགས་ལ་སོགས་པའི་སྤོ་ཐབས་མེད་པའི་རིག་དངོས་དེ་དག་རྒྱལ་ཁབ་ཀྱི་གཏན་འབེབས་གཞན་དག་ཡོད་པ་ཕུད་དེ་བྱིངས་ཚང་མ་རྒྱལ་ཁབ་ལ་དབང་བ་ཡིན།

    གཞུང་ཁོངས་ཀྱི་སྤོ་ཐབས་མེད་པའི་རིག་དངོས་ཀྱི་རིགས་རིག་དངོས་ཡོད་སའི་ས་ཆའི་བདག་དབང་ངམ་ཡང་ན་བེད་སྤྱོད་བྱེད་དབང་ལ་འགྱུར་ལྡོག་བྱུང་ཡང་དེ་དག་གི་བདག་དབང་ལ་འགྱུར་ལྡོག་མེད།

    གཤམ་གསལ་གྱི་སྤོ་ཐབས་མེད་པའི་རིག་དངོས་རྣམས་རྒྱལ་ཁབ་ལ་དབང་བ་སྟེ། (གཅིག)རང་སྐྱོང་ལྗོངས་སྲིད་འཛིན་ས་ཁོངས་ཀྱི་ས་འོག་ནས་ཐོན་པའི་རིག་དངོས་དང་།

    (གཉིས)རང་སྐྱོང་ལྗོངས་སྲིད་འཛིན་ས་ཁོངས་ཀྱི་གཞུང་ཁོངས་རིག་དངོས་བསྡུ་ཉར་ཚན་པ་དང་། དེ་བཞིན་རྒྱལ་ཁབ་ལས་ཁུངས་དང་། དམག་དཔུང་། དམངས་ཡོངས་ལ་དབང་བའི་ལམ་ལུགས་ཀྱི་ཁེ་ལས། བྱ་གཞག་ཚན་པ་བཅས་ཀྱིས་བསྡུ་ཉར་དང་བདག་ཉར་བྱས་པའི་རིག་དངོས།

    (གསུམ)རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་འཚོལ་བསྡུ་དང་ཉོ་སྒྲུབ་བྱས་པའི་རིག་དངོས།

    (བཞི)སྤྱི་དམངས་དང་། ཁྲིམས་ཚན། དེ་མིན་སྒྲིག་འཛུགས་གཞན་དག་བཅས་ཀྱིས་རྒྱལ་ཁབ་དང་གཞུང་ཁོངས་ཀྱི་རིག་དངོས་བསྡུ་ཉར་ཚན་པར་ཕུལ་བའི་རིག་དངོས།

    (ལྔ)བཅའ་ཁྲིམས་སུ་གཏན་འབེབས་བྱས་པའི་རྒྱལ་ཁབ་ལ་དབང་བའི་རིག་དངོས་གཞན་དག་བཅས་སོ།

    སྤོ་ཐབས་མེད་པའི་རིག་དངོས་ལ་རྩ་ཆེའི་རིག་དངོས་དང་སྤྱིར་བཏང་རིག་དངོས་གཉིས་སུ་དབྱེ་རྒྱུ་དང་། རྩ་ཆེའི་རིག་དངོས་ལ་རིམ་པ་དང་པོའི་རིག་དངོས་དང་། རིམ་པ་གཉིས་པའི་རིག་དངོས། རིམ་པ་གསུམ་པའི་རིག་དངོས་བཅས་སུ་དབྱེ་རྒྱུ།

    དོན་ཚན་བཞི་པ། མཉམ་སྡེབ་བམ་ཡང་ན་མི་སྒེར་ལ་དབང་བའི་དྲན་རྟེན་གྱི་ཨར་སྐྲུན་དངོས་རིགས་དང་། གནའ་བོའི་ཨར་སྐྲུན་དངོས་པོ། མེས་བརྒྱུད་ཤུལ་བཞག་རིག་དངོས། ཁྲིམས་མཐུན་བཞིན་བྱུང་བའི་རིག་དངོས་བཅས་ཀྱི་བདག་དབང་ལ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཐོག་ནས་སྲུང་སྐྱོབ་ཐོབ། རིག་དངོས་ཀྱི་བདག་པོས་ངེས་པར་དུ་རིག་དངོས་སྲུང་སྐྱོབ་དང་དོ་དམ་བྱེད་རྒྱུའི་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས།

    དོན་ཚན་ལྔ་པ། རིག་དངོས་ཀྱི་ལས་དོན་སྤེལ་བར། སྲུང་སྐྱོབ་བྱེད་རྒྱུ་གཙོ་བོར་འཛིན་པ་དང་། མྱུར་སྐྱོབ་བྱེད་རྒྱུ་ཨང་དང་པོར་འཛིན་པ། བེད་སྤྱོད་ལུགས་མཐུན་བྱེད་པ། དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་བཅས་ཀྱི་མཛད་ཕྱོགས་ལག་བསྟར་བྱེད་དགོས།

    གཞི་རྩའི་འཛུགས་སྐྲུན་དང་། ཡུལ་སྐོར་གོང་འཕེལ། དེ་བཞིན་ཆོས་ལུགས་བྱེད་སྒོ་བཅས་སྤེལ་བར་ངེས་པར་དུ་རིག་དངོས་ལས་དོན་གྱི་མཛད་ཕྱོགས་ལ་བརྩི་སྲུང་ཞུ་དགོས་ཤིང་། བྱེད་སྒོ་དེ་རིགས་ཀྱིས་རིག་དངོས་ལ་གནོད་སྐྱོན་མི་ཕོག་པ་བྱེད་དགོས།

    དོན་ཚན་དྲུག་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རིག་དངོས་སྲུང་སྐྱོབ་ལས་དོན་ལ་མཐོང་ཆེན་བྱས་ནས་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་དང་རིག་དངོས་སྲུང་སྐྱོབ་བྱེད་རྒྱུའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱིས་སྲུང་སྐྱོབ་བྱེད་རྒྱུ་གཙོ་བོར་འཛིན་པ་དང་སྤྱི་ཚོགས་ཡོངས་ཀྱིས་མཉམ་ཞུགས་བྱེད་པའི་རིག་དངོས་ཀྱི་སྲུང་སྐྱོབ་བྱེད་ལམ་ཞིག་འཛུགས་དགོས།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་རིག་དངོས་སྲུང་སྐྱོབ་བྱེད་རྒྱུའི་ལས་དོན་དེ་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་འགོད་ནང་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་འཆར་འགོད་ནང་འཇུག་དགོས།

    དོན་ཚན་བདུན་པ། རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། དམག་དཔུང་། ཁེ་ལས་དང་བྱ་གཞག་ཚན་པ། མི་སྒེར་བཅས་ཚང་མར་རིག་དངོས་སྲུང་སྐྱོབ་བྱེད་རྒྱུའི་འོས་འགན་ཡོད།

    དོན་ཚན་བརྒྱད་པ། གཤམ་གསལ་གྱི་བྱས་རྗེས་ཡོད་པའི་ཚན་པ་དང་མི་སྒེར་ལ། རིམ་ཁག་མི་དམངས་སྲིད་གཞུང་ངམ་ཡང་ན་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས་པ་སྟེ།

    (གཅིག)རིག་དངོས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ། དེ་བཞིན་སྲོལ་ཡིག་འདི་བཅས་ལག་བསྟར་ནན་ཏན་གྱིས་རིག་དངོས་སྲུང་སྐྱོབ་བྱས་པའི་གྲུབ་འབྲས་མངོན་གསལ་དོད་པོ་ཡོད་རིགས་དང་།

    (གཉིས)རིག་དངོས་སྲུང་སྐྱོབ་བྱེད་ཆེད་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་འཐབ་རྩོད་མཐའ་གཅིག་ཏུ་བྱས་རིགས།

    (གསུམ)མི་སྒེར་གྱིས་བསྡུ་ཉར་བྱས་པའི་གལ་ཆེའི་རིག་དངོས་རྒྱལ་ཁབ་ལ་ཞལ་འདེབས་སུ་ཕུལ་རིགས།

    (བཞི)རིག་དངོས་རྙེད་པ་རྣམས་དུས་ཐོག་ཏུ་གོང་རིམ་ལ་སྙན་སེང་ངམ་ཡང་ན་གོང་འབུལ་ཞུས་ནས་རིག་དངོས་ལ་སྲུང་སྐྱོབ་ཐུབ་རིགས།

    (ལྔ)གནའ་རྫས་དཔྱད་ཞིབ་སྔོག་འཚོལ་གྱི་ལས་དོན་ཁྲོད་གལ་ཆེའི་ལེགས་སྐྱེས་ཕུལ་རིགས།

    (དྲུག)རིག་དངོས་སྲུང་སྐྱོབ་ཀྱི་ཚན་རིག་ལག་རྩལ་ཐད་གལ་ཆེའི་གསར་གཏོད་བྱེད་མཁན་ནམ་ཡང་ན་རིག་དངོས་སྲུང་སྐྱོབ་ཀྱི་བྱ་གཞག་ལ་ལེགས་སྐྱེས་ཕུལ་རིགས།

    (བདུན)རིག་དངོས་ལ་གཏོར་སྐྱོན་གྱི་ཉེན་ཁ་འཕྲད་སྐབས་རིག་དངོས་མྱུར་སྐྱོབ་ཀྱི་བྱས་རྗེས་བཞག་རིགས།

    (བརྒྱད)རིག་དངོས་སྲུང་སྐྱོབ་ཀྱི་ལས་ཀ་དུས་ཡུན་རིང་པོ་བྱས་ཤིང་གྲུབ་འབྲས་མངོན་གསལ་དོད་པོ་ཡོད་རིགས།

    (དགུ)རིག་དངོས་སྲུང་སྐྱོབ་ཚན་པའི་ནང་ཁུལ་གྱི་བདེ་འཇགས་སྲུང་སྐྱོབ་ལས་ཀའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཡོད་རིགས་བཅས་སོ།

    ལེའུ་གཉིས་པ། ལྟ་སྐུལ་དོ་དམ་དང་འགན་སྲུང་བྱ་ཐབས།

    དོན་ཚན་དགུ་པ། རང་སྐྱོང་ལྗོངས་ཀྱི་ས་གནས་ཁག་གིས་ངེས་པར་དུ་རིག་དངོས་སྲུང་སྐྱོབ་ལས་ཁུངས་འཐུས་ཚང་འཛུགས་དགོས། རིག་དངོས་བལྟོས་བཅས་ཀྱིས་གཅིག་སྡུད་ཡིན་པའམ་ཡང་ན་རྩ་ཆེའི་རིག་དངོས་ཡོད་སའི་རྫོང་(གྲོང་ཁྱེར)ལ་ངེས་པར་དུ་རིག་དངོས་སྲུང་སྐྱོབ་ལས་ཁུངས་འཛུགས་དགོས།

    རིག་དངོས་བལྟོས་བཅས་ཀྱིས་གཅིག་སྡུད་ཡིན་པའམ་ཡང་ན་རྩ་ཆེའི་རིག་དངོས་ཡོད་སའི་ཤང་(གྲོང་རྡལ)ཆ་རྐྱེན་འཛོམས་རིགས་ལ་ངེས་པར་དུ་རིག་དངོས་སྲུང་སྐྱོབ་ཀྱི་ཆེད་འགན(གཅིག་ལྕོགས)འཁུར་མཁན་བསྐོ་དགོས་པ་དང་། གནས་སྐབས་ཆ་རྐྱེན་འཛོམས་མེད་རིགས་ལ་མང་ཚོགས་རང་བཞིན་གྱི་རིག་དངོས་སྲུང་སྐྱོབ་རྩ་འཛུགས་འཛུགས་ཆོག

    དོན་ཚན་བཅུ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་རིག་དངོས་སྲུང་སྐྱོབ་བྱེད་རྒྱུའི་ལས་ཀའི་འགན་འཁུར་དགོས། རང་སྐྱོང་ལྗོངས་དང་། ས་གནས(གྲོང་ཁྱེར) རྫོང་(གྲོང་ཁྱེར)བཅས་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་འགན་འཁུར་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་རིག་དངོས་ལ་སྲུང་སྐྱོབ་དང་། དོ་དམ། ལྟ་སྐུལ། མཛུབ་ཁྲིད་བཅས་བྱེད་རྒྱུའི་ཞིབ་ཕྲའི་འགན་འཁུར་དགོས།

    དོན་ཚན་བཅུ་གཅིག་པ། སྤྱི་བདེ་དང་། མེ་ཟོན། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། མི་རིགས་དང་ཆོས་ལུགས། འགག་སྒོ། ཁྲོམ་རའི་ལྟ་སྐུལ་དོ་དམ། ཡུལ་སྐོར་སོགས་སྡེ་ཚན་དང་འབྲེལ་ཡོད་རྒྱལ་ཁབ་ལས་ཁུངས་གཞན་དག་བཅས་ཀྱིས་རང་འཁྲིའི་འགན་ཁོངས་ནང་རིག་དངོས་སྲུང་སྐྱོབ་བྱེད་རྒྱུའི་ལས་ཀ་ཡག་པོ་བསྒྲུབས་ཏེ། རིག་དངོས་སྲུང་སྐྱོབ་དོ་དམ་གྱི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་དགོས།

    དོན་ཚན་བཅུ་གཉིས་པ། རིག་དངོས་དང་། སློབ་གསོ། ཚན་རྩལ། གསར་འགྱུར་དཔེ་སྐྲུན། རླུང་འཕྲིན་བརྙན་འཕྲིན་སོགས་རིམ་ཁག་སྡེ་ཚན་གྱིས་ངེས་པར་དུ་རིག་དངོས་སྲུང་སྐྱོབ་ཀྱི་དྲིལ་བསྒྲགས་སློབ་གསོའི་ལས་ཀ་ཡག་པོ་སྒྲུབ་དགོས།

    དོན་ཚན་བཅུ་གསུམ་པ། རྫོང་རིམ་ཡན་གྱི་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་རིག་དངོས་སྲིད་འཛིན་གྱི་ཁྲིམས་སྒྱུར་ལས་ཁུངས་རིམ་བཞིན་གསར་འཛུགས་དང་འཐུས་སྒོ་ཚང་དུ་བཏང་ནས་རིག་དངོས་སྲིད་འཛིན་གྱི་ཁྲིམས་འགལ་གྱོད་གཞི་ཐག་གཅོད་བྱེད་འགན་འཁུར་དགོས།

    གཞུང་ཁོངས་རིག་དངོས་བསྡུ་ཉར་ཚན་པའི་ནང་ཁུལ་དུ་ངེས་པར་དུ་བདེ་འཇགས་སྲུང་སྐྱོབ་རྩ་འཛུགས་འཛུགས་པ་དང་། བདེ་འཇགས་སྲུང་སྐྱོབ་ཀྱི་ཆེད་མི་བསྐོ་བ། བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་གསར་འཛུགས་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས།

    དོན་ཚན་བཅུ་བཞི་པ། རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་རིག་དངོས་དཔྱད་འདོམས་ལས་ཁུངས་གསར་འཛུགས་དང་འཐུས་སྒོ་ཚང་དུ་བཏང་སྟེ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་གི་རྟེན་མཛོད་དུ་ཉར་ཚགས་བྱས་པའི་རིག་དངོས་དང་། དམངས་ཁྲོད་རིག་དངོས། གྱོད་འབྲེལ་རིག་དངོས་བཅས་ལ་དཔྱད་འདོམས་བྱེད་རྒྱུའི་ལས་ཀའི་འགན་འཁུར་དགོས།

    དོན་ཚན་བཅོ་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རིག་དངོས་སྲུང་སྐྱོབ་ཀྱི་འགྲོ་གྲོན་དེ་ས་གནས་དེ་གའི་ནོར་སྲིད་སྔོན་རྩིས་ནང་འཇུག་དགོས་པ་མ་ཟད། ནོར་སྲིད་ཡོང་འབབ་འཕར་སྣོན་བྱུང་བ་དང་ཆབས་ཅིག་མང་དུ་གཏོང་དགོས།

    རྒྱལ་ཁབ་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཀྱི་ཆེད་དམིགས་ཁ་གསབ་རོགས་དངུལ་གྱི་འགྲོ་གྲོན་དང་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་ཆེད་དམིགས་འགྲོ་གྲོན་རྣམས། རྫོང་རིམ་ཡན་གྱི་རིག་དངོས་སྲིད་འཛིན་སྡེ་ཚན་དང་ནོར་སྲིད་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་མཉམ་དུ་དོ་དམ་བྱས་ནས་ཆེད་དངུལ་ཆེད་དམིགས་བྱེད་དགོས་པ་ལས་ཚན་པའམ་ཡང་ན་མི་སྒེར་སུ་འདྲ་ཞིག་གིས་ཀྱང་ཧམ་བཟུང་དང་གཞན་སྤྱོད་བྱེད་མི་ཆོག

    རྒྱལ་ཁབ་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཀྱི་ཆེད་དམིགས་ཁ་གསབ་རོགས་དངུལ་གྱི་གྲོན་དངུལ་དང་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་ཆེད་དམིགས་གྲོན་དངུལ་བེད་སྤྱོད་ཐད་ནོར་སྲིད་དང་རྩིས་བཤེར་སོགས་སྡེ་ཚན་གྱིས་ལྟ་སྐུལ་དང་ཞིབ་བཤེར་བྱེད་པར་དང་ལེན་ཞུ་དགོས།

    དོན་ཚན་བཅུ་དྲུག་པ། རྟེན་རྫས་བཤམས་སྟོན་ཁང་དང་དྲན་གསོ་ཁང་སོགས་གཞུང་ཁོངས་རིག་དངོས་བསྡུ་ཉར་ཚན་པའི་བྱ་གཞག་རང་བཞིན་གྱི་ཡོང་འབབ་རྣམས་ངེས་པར་དུ་རིག་དངོས་བྱ་གཞག་གོང་འཕེལ་གཏོང་རྒྱུར་སྤྱོད་པ་ལས་ཚན་པའམ་ཡང་ན་མི་སྒེར་སུ་འདྲ་ཞིག་གིས་ཀྱང་ཧམ་བཟུང་དང་གཞན་སྤྱོད་བྱེད་མི་ཆོག

    དོན་ཚན་བཅུ་བདུན་པ། ཁྲིམས་ཁང་དང་། ཞིབ་དཔྱོད་ཁང་། སྤྱི་བདེ། འགག་སྒོ། ཁྲོམ་རའི་ལྟ་སྐུལ་དོ་དམ་བཅས་ཀྱིས་ཁྲིམས་བཞིན་གཞུང་བཞེས་བཏང་བའི་རིག་དངོས་རྣམས་ངེས་པར་དུ་ཐོ་དེབ་བཟོས་ནས་སྲུང་སྐྱོབ་དོ་དམ་གང་ལེགས་བྱེད་དགོས་པ་དང་། གྱོད་ཐག་བཅད་རྗེས་དེ་སྔའི་རིག་དངོས་བསྡུ་ཉར་ཚན་པའམ་ཡང་ན་མི་སྒེར་ལ་རིན་སྐྱིན་མེད་པར་ཕྱིར་སྤྲོད་བྱེད་དགོས། བསྡུ་ཉར་ཚན་པའམ་ཡང་ན་བོར་མཁན་གཏན་འཁེལ་བྱེད་ཐབས་མེད་ཚེ་རིག་དངོས་སྲིད་འཛིན་སྡེ་ཚན་ནས་དམིགས་འཛུགས་བྱས་པའི་གཞུང་ཁོངས་རིག་དངོས་བསྡུ་ཉར་ཚན་པས་བསྡུ་ཉར་བྱེད་དགོས།

    ལེའུ་གསུམ་པ། སྤོ་ཐབས་མེད་པའི་རིག་དངོས།

    དོན་ཚན་བཅོ་བརྒྱད་པ། རང་སྐྱོང་ལྗོངས་སྲིད་འཛིན་ས་ཁོངས་ནང་གི་རིག་དངོས་སྲུང་སྐྱོབ་ཚན་པར་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་དང་། རང་སྐྱོང་ལྗོངས་རིམ་པ། དེ་བཞིན་གྲོང་ཁྱེར(ས་གནས)དང་རྫོང་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ་བཅས་ལ་དབྱེ་རྒྱུ།

    རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པའི་རིགས་རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཞིབ་མཆན་ཞུས་ནས་མོས་མཐུན་ཐོབ་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་རིག་དངོས་སྲིད་འཛིན་སྡེ་ཚན་ལ་སྙན་ཞུ་འབུལ་རྒྱུ།

    རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པའི་རིགས་རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཞིབ་བཤེར་གཏན་འཁེལ་དང་ཁྱབ་བསྒྲགས་བྱེད་རྒྱུའི་སྙན་ཞུ་འབུལ་རྒྱུ་དང་ཕྱོགས་མཚུངས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་སེང་ཞུ་རྒྱུ།

    གྲོང་ཁྱེར(ས་གནས)དང་རྫོང་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པའི་རིགས་གྲོང་ཁྱེར(ས་གནས)དང་རྫོང་རིམ་པའི་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་རིམ་མཚུངས་མི་དམངས་སྲིད་གཞུང་ལ་སྙན་ཞུ་འབུལ་དགོས་ཤིང་། རིམ་པ་གཅིག་མཚུངས་ཀྱི་མི་དམངས་སྲིད་གཞུང་གིས་ཞིབ་བཤེར་གཏན་འཁེལ་དང་ཁྱབ་བསྒྲགས་བྱེད་རྒྱུ་མ་ཟད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུ་རྒྱུ།

    ཞིབ་བཤེར་གཏན་འཁེལ་དང་ཁྱབ་བསྒྲགས་བྱས་མེད་པའི་རིག་དངོས་སྲུང་སྐྱོབ་ཚན་པའི་སྤོ་ཐབས་མེད་པའི་རིག་དངོས་རྣམས་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་ཐོ་འགོད་བྱེད་རྒྱུ་མ་ཟད་སྲུང་སྐྱོབ་གང་ལེགས་བྱེད་རྒྱུ།

    དོན་ཚན་བཅུ་དགུ་པ། རིམ་ཁག་རིག་དངོས་སྲུང་སྐྱོབ་ཚན་པ་ནི་ཁག་སོ་སོར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་། གྲོང་ཁྱེར(ས་གནས) རྫོང་རིམ་པའི་མི་དམངས་སྲིད་གཞུང་བཅས་ཀྱིས་དགོས་ངེས་ཀྱི་སྲུང་སྐྱོབ་བྱེད་ཁོངས་དབྱེ་བ་དང་མཚོན་རྟགས་ཀྱི་གསལ་བཤད་བྱས་ཐོག་ཐོ་འགོད་ཡིག་ཚགས་བཟོ་དགོས་པ་མ་ཟད་གནས་ཚུལ་མི་འདྲ་བར་གཞིགས་ནས་ཁག་སོ་སོར་ཆེད་དོན་ལས་ཁུངས་སམ་ཡང་ན་ཆེད་མི་བསྐོས་ནས་དོ་དམ་བྱེད་རྒྱུའི་འགན་འཁུར་རྒྱུ། རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པའི་སྲུང་སྐྱོབ་བྱེད་ཁོངས་དང་ཐོ་འགོད་ཡིག་ཚགས་རྣམས་རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་རིག་དངོས་སྲིད་འཛིན་སྡེ་ཚན་ལ་སྙན་སེང་ཞུ་རྒྱུ།

    རྫོང་རིམ་ཡན་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་རིག་དངོས་ཁག་སྲུང་སྐྱོབ་བྱེད་པའི་དགོས་མཁོར་གཞིགས་ཏེ་རིག་དངོས་སྲུང་སྐྱོབ་ཚན་པ་དང་ཞིབ་བཤེར་གཏན་འཁེལ་བྱས་མེད་པའི་རིག་དངོས་སྲུང་སྐྱོབ་ཚན་པའི་སྤོ་ཐབས་མེད་པའི་རིག་དངོས་ཀྱི་ཞིབ་ཕྲའི་སྲུང་སྐྱོབ་བྱ་ཐབས་བཟོ་དགོས་པ་མ་ཟད་ལག་བསྟར་བྱེད་རྒྱུའི་སྤྱི་བསྒྲགས་སྤེལ་དགོས།

    དོན་ཚན་ཉི་ཤུ་པ། རིག་དངོས་སྲུང་སྐྱོབ་ཚན་པས་མཚོན་རྟགས་བཀོད་ནས་གསལ་བཤད་བྱེད་སྐབས། ངེས་པར་དུ་ཚད་ལྡན་གྱི་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་རིག་དངོས་སྲུང་སྐྱོབ་ཀྱི་མཚོན་རྟགས་འགོད་དགོས་པ་དང་། མཚོན་རྟགས་བཀོད་ནས་གསལ་བཤད་བྱེད་པའི་ནང་རིག་དངོས་སྲུང་སྐྱོབ་ཚན་པའི་རིམ་པ་དང་། མིང་། སྤྱི་བསྒྲགས་སྤེལ་མཁན་ལས་ཁུངས། སྤྱི་བསྒྲགས་སྤེལ་བའི་དུས་ཚོད། མཚོན་རྟགས་འགོད་མཁན་ལས་ཁུངས། མཚོན་རྟགས་འགོད་པའི་དུས་ཚོད་སོགས་ཀྱི་ནང་དོན་ཚུད་དགོས།

    རིག་དངོས་སྲུང་སྐྱོབ་ཚན་པའི་སྲུང་སྐྱོབ་མཚོན་རྟགས་དེ་ཚན་པའམ་ཡང་ན་མི་སྒེར་སུ་འདྲ་ཞིག་གིས་ཀྱང་སྤོ་སྒུལ་དང་སྐྱོན་ཆག་གཏོང་རིགས་བྱེད་མི་ཆོག

    དོན་ཚན་ཉེར་གཅིག་པ། རིག་དངོས་སྲུང་སྐྱོབ་ཚན་པའི་སྲུང་སྐྱོབ་བྱེད་ཁོངས་ནང་ཨར་ལས་བཟོ་སྐྲུན་རིགས་སམ་ཡང་ན་འབར་གཏོར་དང་། གསོར་འབིགས། སྔོག་འདོན་སོགས་ཀྱི་ལས་སྒོ་གཞན་དག་སྤེལ་མི་ཆོག གལ་ཏེ་དམིགས་བསལ་གནས་ཚུལ་གྱི་དགོས་མཁོས་རྐྱེན་པས་རིག་དངོས་སྲུང་སྐྱོབ་ཚན་པའི་སྲུང་སྐྱོབ་བྱེད་ཁོངས་སུ་ཨར་ལས་བཟོ་སྐྲུན་ནམ་ཡང་ན་འབར་གཏོར་དང་། གསོར་འབིགས། སྔོག་འདོན་སོགས་ཀྱི་ལས་སྒོ་གཞན་དག་སྤེལ་དགོས་ཚེ་ངེས་པར་དུ་རིག་དངོས་སྲུང་སྐྱོབ་ཚན་པའི་བདེ་འཇགས་འགན་སྲུང་བྱེད་དགོས་པ་མ་ཟད་རིག་དངོས་སྲུང་སྐྱོབ་ཚན་པ་ཡིན་པའི་ཞིབ་བཤེར་གཏན་འཁེལ་དང་ཁྱབ་བསྒྲགས་བྱེད་མཁན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་དགོས་པ་དང་། ཆོག་མཆན་མ་སྤྲད་གོང་ངེས་པར་དུ་རང་ལས་རིམ་པ་གཅིག་གིས་མཐོ་བའི་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་མོས་མཐུན་ཐོབ་དགོས། རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པའི་སྲུང་སྐྱོབ་བྱེད་ཁོངས་སུ་ཨར་ལས་བཟོ་སྐྲུན་ནམ་ཡང་ན་འབར་གཏོར་དང་། གསོར་འབིགས། སྔོག་འདོན་སོགས་ལས་སྒོ་གཞན་དག་སྤེལ་དགོས་ཚེ་ངེས་པར་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་དགོས་པ་མ་ཟད། ཆོག་མཆན་མ་སྤྲད་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་མོས་མཐུན་ཐོབ་པ་བྱེད་དགོས།

    དོན་ཚན་ཉེར་གཉིས་པ། རིག་དངོས་སྲུང་སྐྱོབ་བྱེད་རྒྱུའི་དགོས་མཁོ་དངོས་ལ་གཞིགས་ཏེ་རིག་དངོས་སྲུང་སྐྱོབ་ཚན་པའི་སྲུང་སྐྱོབ་བྱེད་ཁོངས་ཕུད་པའི་འཛུགས་སྐྲུན་བྱེད་མི་ཆོག་པའི་ས་ཁོངས་ངེས་ཅན་ཞིག་དབྱེ་བཅད་བྱེད་དགོས་པ་མ་ཟད་ཁྱབ་བསྒྲགས་བྱེད་དགོས། རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་དང་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པའི་འཛུགས་སྐྲུན་བྱེད་མི་ཆོག་པའི་ས་ཁོངས་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་རྗེས་རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་རང་བྱུང་ཐོན་ཁུངས་སྲིད་འཛིན་སྡེ་ཚན་དང་མཉམ་དུ་དབྱེ་བཅད་བྱེད་དགོས་པ་མ་ཟད་ཁྱབ་བསྒྲགས་བྱེད་དགོས་པ་དང་། གྲོང་ཁྱེར(ས་གནས)དང་རྫོང་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པའི་འཛུགས་སྐྲུན་བྱེད་མི་ཆོག་པའི་ས་ཁོངས་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་རྗེས་རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་རང་བྱུང་ཐོན་ཁུངས་སྲིད་འཛིན་སྡེ་ཚན་དང་མཉམ་དུ་དབྱེ་བཅད་བྱེད་དགོས་པ་མ་ཟད་ཁྱབ་བསྒྲགས་བྱེད་དགོས།

    འཛུགས་སྐྲུན་བྱེད་མི་ཆོག་པའི་ས་ཁོངས་ཁྱབ་བསྒྲགས་བྱས་རྗེས་མཚམས་རྟགས་ཕུར་པ་བཙུགས་ནས་ཁྲིམས་བཞིན་སྲུང་སྐྱོབ་དང་ཚོད་འཛིན་བྱེད་དགོས། འཛུགས་སྐྲུན་བྱེད་མི་ཆོག་པའི་ས་ཁོངས་སུ་ཨར་སྐྲུན་དངོས་རིགས་གསར་རྒྱག་བྱེད་དགོས་ངེས་ཡིན་ཚེ་རིག་དངོས་སྲུང་སྐྱོབ་བྱེད་སའི་སྔར་ཡོད་ཀྱི་རྣམ་པར་གཏོར་བཤིག་མི་ཕོག་པ་བྱེད་དགོས། དེའི་འཆར་འགོད་ཇུས་གཞི་ངེས་པར་དུ་རིག་དངོས་སྲུང་སྐྱོབ་ཚན་པའི་རིམ་པ་གཞིར་བཟུང་རིམ་པ་གཅིག་མཚུངས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་མོས་མཐུན་ཐོབ་རྗེས་རང་བྱུང་ཐོན་ཁུངས་སྲིད་འཛིན་སྡེ་ཚན་ལ་ཞིབ་མཆན་ཞུ་དགོས།

    རིག་དངོས་སྲུང་སྐྱོབ་ཚན་པའི་འཛུགས་སྐྲུན་བྱེད་མི་ཆོག་པའི་ས་ཁོངས་སུ་རིག་དངོས་སྲུང་སྐྱོབ་ཚན་པ་དང་དེའི་ཁོར་ཡུག་ལ་སྦགས་བཙོག་བཟོ་བའི་སྒྲིག་བཀོད་དམ་ཡང་ན་ཐོག་བརྩེགས་མཐོ་བའི་ཨར་སྐྲུན་དངོས་རིགས་དང་བཟོ་སྐྲུན་དངོས་རིགས་འཛུགས་སྐྲུན་བྱེད་མི་ཆོག་པ་དང་། རིག་དངོས་སྲུང་སྐྱོབ་ཚན་པའི་བདེ་འཇགས་དང་དེའི་ཁོར་ཡུག་ལ་གནོད་སྐྱོན་ཐེབས་བཟོ་ཡོད་པའི་བྱེད་སྒོ་སྤེལ་མི་ཆོག དེ་སྔ་བརྒྱབ་ཟིན་པའི་རིགས་ངེས་པར་དུ་དུས་བཀག་ནང་བཅོས་སྒྲིག་བྱེད་དགོས་ཤིང་། དེའི་དགོས་ངེས་ཀྱི་འགྲོ་གྲོན་རྣམས་འཛུགས་སྐྲུན་ཚན་པ་སོ་སོས་འགན་འཁུར་དགོས།

    དོན་ཚན་ཉེར་གསུམ་པ། རིག་དངོས་སྲུང་སྐྱོབ་ཚན་པས་ངེས་པར་དུ་མེ་ཟོན་དང་རྐུ་མ་འགོག་ཟོན་གྱི་བདེ་འཇགས་སྒྲིག་ཆས་དང་སྒྲིག་བཀོད་སྒྲིག་སྦྱོར་ཡག་པོ་བྱེད་དགོས།

    རིག་དངོས་སྲུང་སྐྱོབ་ཚན་པའི་མེ་གསོད་འགྲོ་ལམ་གྱི་ཐོན་སྒོ་དང་འཛུལ་སྒོ་ངེས་པར་དུ་ཤར་གཏོང་ཐུབ་པ་དགོས་ཤིང་། ཚན་པའམ་ཡང་ན་མི་སྒེར་སུ་འདྲ་ཞིག་གིས་ཀྱང་བཀག་པ་དང་ཧམ་བཟུང་བྱེད་མི་ཆོག

    དོན་ཚན་ཉེར་བཞི་པ། བཟོ་ལས་དང་། ཞིང་ལས། ཆུ་བེད། འགྲིམ་འགྲུལ། དམག་དོན། རང་བྱུང་ཐོན་ཁུངས། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་སོགས་སྡེ་ཚན་གྱིས་ལས་གྲྭ་ཁག་གི་རྣམ་གྲངས་འཆར་འགོད་དང་། ས་ཆ་འདེམས་པ། ཇུས་འགོད་བཅས་བྱེད་སྐབས་འཛུགས་སྐྲུན་ལས་གྲྭའི་ཁྱབ་ཁོངས་ཀྱི་རིག་དངོས་སྲུང་སྐྱོབ་ཚན་པར་དེའི་རིམ་པ་གཞིར་བཟུང་སྔོན་ལ་རང་སྐྱོང་ལྗོངས་སམ་ཡང་ན་གྲོང་ཁྱེར(ས་གནས)དང་། རྫོང་རིམ་པ་བཅས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་དང་མཉམ་དུ་སྲུང་སྐྱོབ་བྱ་ཐབས་གཏན་འཁེལ་བྱས་ཏེ་འཆར་འགོད་འགན་ཡིག་ནང་འགོད་དགོས། རིག་དངོས་སྲིད་འཛིན་སྡེ་ཚན་གྱི་མོས་མཐུན་མ་ཐོབ་པར་འབྲེལ་ཡོད་སྡེ་ཚན་གྱིས་འཛུགས་སྐྲུན་རྣམ་གྲངས་དང་ས་ཆ་བསྡུ་སྤྱོད་ཀྱི་ཆོག་མཆན་སྤྲོད་མི་ཆོག

    དོན་ཚན་ཉེར་ལྔ་པ། རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་ནང་རིག་དངོས་སྲུང་སྐྱོབ་ལས་གྲྭའི་རྣམ་གྲངས་བཟོ་འགོད་དང་། ཐིག་ལེན་ཇུས་འགོད། ཨར་ལས། ལྟ་འདོམས། ཞིབ་བཤེར་རྩིས་ལེན་བཅས་ལ་དོ་དམ་བྱེད་འགན་འཁུར་དགོས།

    རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པའི་སྲུང་སྐྱོབ་ལས་གྲྭའི་རིགས་དེ་རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་རིག་དངོས་སྲིད་འཛིན་སྡེ་ཚན་ལ་ཞིབ་མཆན་ཞུ་རྒྱུ། རང་སྐྱོང་ལྗོངས་རིམ་པ་དང་། གྲོང་ཁྱེར(ས་གནས) རྫོང་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ་དང་དེ་བཞིན་རིག་དངོས་སྲུང་སྐྱོབ་ཚན་པར་ཞིབ་གཏན་མ་འཁེལ་བའི་སྤོ་ཐབས་མེད་པའི་རིག་དངོས་སྲུང་སྐྱོབ་ལས་གྲྭའི་རིགས་དེ་གནས་སའི་གྲོང་ཁྱེར(ས་གནས)རིམ་པའི་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་ལ་ཞིབ་མཆན་ཞུ་རྒྱུ།

    དོན་ཚན་ཉེར་དྲུག་པ། རིག་དངོས་སྲུང་སྐྱོབ་ཚན་པའི་བདག་སྐྱོང་ཉམས་གསོ་དང་། མྱུར་སྐྱོབ་བརྟན་སྐྱོར། ཞིག་གསོ། སྲུང་སྐྱོབ་རང་བཞིན་གྱི་སྒྲིག་ཆས་སྒྲིག་སྦྱོར། གནས་སྤོ་སོགས་ཀྱི་ལས་གྲྭའི་རིགས་རིམ་ཁག་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། རིག་དངོས་སྲུང་སྐྱོབ་ཚན་པའི་རིམ་པ་ལྟར་རིག་དངོས་སྲུང་སྐྱོབ་ལས་གྲྭའི་རྣམ་གྲངས་བཟོ་འགོད་དང་། ཐིག་ལེན་ཇུས་འགོད། ཨར་ལས། ལྟ་འདོམས། ཞིབ་བཤེར་རྩིས་ལེན་བཅས་བྱེད་རྒྱུར་རིམ་དབྱེའི་དོ་དམ་བྱེད་དགོས།

    དོན་ཚན་ཉེར་བདུན་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྲིད་འཛིན་ས་ཁོངས་དེ་གའི་རིམ་ཁག་རིག་དངོས་སྲུང་སྐྱོབ་ཚན་པའི་སྲུང་སྐྱོབ་འཆར་གཞི་བཟོ་འགོད་བྱེད་དགོས་པ་མ་ཟད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱིའི་འཆར་འགོད་དང་། ལོ་རྒྱུས་དང་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར(ཁྲོམ་གཞུང་དང་གྲོང་ཚོ་གྲོང་རྡལ)གྱི་སྲུང་སྐྱོབ་འཆར་འགོད། ཁོར་ཡུག་ལེགས་བཅོས་འཆར་འགོད། ས་ཆ་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་བཅས་དང་འབྲེལ་མཐུད་ཐུབ་པ་བྱེད་དགོས།

    རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པའི་སྲུང་སྐྱོབ་འཆར་འགོད་དེ་རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་མཛུབ་ཁྲིད་འོག་དེ་གནས་སའི་རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་སྒྲིག་འཛུགས་བཟོ་འགོད་བྱེད་དགོས།

    དོན་ཚན་ཉེར་བརྒྱད་པ། རིག་དངོས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པའམ་ཡང་ན་ས་ཁོངས་ཀྱི་ཁྱད་ཆོས་དང་། མི་རིགས་ཀྱི་ཁྱད་ཆོས། གལ་ཆེའི་ལོ་རྒྱུས་ཀྱི་རིན་ཐང་ངམ་ཡང་ན་གསར་བརྗེའི་དྲན་གསོའི་དོན་སྙིང་བཅས་མངོན་གསལ་དོད་པོ་ལྡན་པའི་ཁྲོམ་གཞུང་དང་། གྲོང་ཚོ་གྲོང་རྡལ་གྱི་རིགས་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་སྲིད་འཛིན་སྡེ་ཚན་གྱིས་རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་དང་མཉམ་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ལོ་རྒྱུས་དང་རིག་གནས་ཀྱི་ཁྲོམ་གཞུང་དང་གྲོང་ཚོ་གྲོང་རྡལ་ཡིན་པ་ཞིབ་བཤེར་གཏན་འཁེལ་དང་ཁྱབ་བསྒྲགས་བྱེད་རྒྱུར་སྙན་ཞུ་འབུལ་དགོས་པ་དང་ཕྱོགས་མཚུངས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་ཐོ་དཔོ་དགོས།

    དོན་ཚན་ཉེར་དགུ་པ། ལོ་རྒྱུས་དང་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་ཁྲོད་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་ཁྲོམ་གཞུང་ངམ་ཡང་ན་ལོ་རྒྱུས་དང་རིག་གནས་ཀྱི་གྲོང་ཚོ་གྲོང་རྡལ་དུ་ལས་གྲྭ་འཛུགས་སྐྲུན་བྱེད་སྐབས་འཛུགས་སྐྲུན་ཚན་པས་ངེས་པར་དུ་སྔོན་ལ་རིམ་པ་གཅིག་མཚུངས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་དང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་སྲིད་འཛིན་སྡེ་ཚན་གྱི་མོས་མཐུན་ཐོབ་པ་བྱེད་དགོས་པ་དང་། རིམ་པ་གོང་མའི་རིག་དངོས་སྲིད་འཛིན་སྡེ་ཚན་དང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་སྲིད་འཛིན་སྡེ་ཚན་གྱི་ཞིབ་བཤེར་བྱས་རྗེས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་རྒྱུར་འབུལ་དགོས།

    ལོ་རྒྱུས་དང་རིག་གནས་ཀྱི་ཁྲོམ་གཞུང་དང་། གྲོང་ཚོ་གྲོང་རྡལ་གྱི་བཀོད་ཁྱབ། ཁོར་ཡུག ལོ་རྒྱུས་ཀྱི་རྣམ་པ་སོགས་ལ་གཏོར་བཤིག་ཚབས་ཆེན་ཕོག་ནས་ལོ་རྒྱུས་དང་རིག་གནས་ཀྱི་ཁྲོམ་གཞུང་དང་གྲོང་ཚོ་གྲོང་རྡལ་གྱི་ཆ་རྐྱེན་དང་མི་མཐུན་པའི་རིགས་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་སྲིད་འཛིན་སྡེ་ཚན་གྱིས་རིག་དངོས་སྲིད་འཛིན་སྡེ་ཚན་དང་མཉམ་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་དེ་དག་རིག་དངོས་ཁོངས་ནས་ཕྱིར་འབུད་བྱེད་རྒྱུའི་ཞིབ་མཆན་སྤྲོད་རྒྱུ་དང་ཕྱོགས་མཚུངས་ཁྱབ་བསྒྲགས་བྱེད་རྒྱུར་འབུལ་དགོས།

    ལེའུ་བཞི་པ། གནའ་རྫས་དཔྱད་ཞིབ་སྔོག་འཚོལ།

    དོན་ཚན་སུམ་ཅུ་པ། རང་སྐྱོང་ལྗོངས་སྲིད་འཛིན་ས་ཁོངས་ནང་གི་གནའ་རྫས་དཔྱད་ཞིབ་སྔོག་འཚོལ་ལས་དོན་མཐའ་དག་ངེས་པར་དུ་ཁྲིམས་བཅད་ཀྱི་གོ་རིམ་བཞིན་ཆོག་མཆན་ཞུ་བའི་འགྲོ་ལུགས་སྒྲུབ་དགོས། ཆོག་མཆན་མ་ཐོབ་པར་ཚན་པའམ་ཡང་ན་མི་སྒེར་སུ་འདྲ་ཞིག་གིས་ཀྱང་རང་འཚམ་གྱིས་སྔོག་འཚོལ་བྱེད་མི་ཆོག

    གནའ་རྫས་དཔྱད་ཞིབ་སྔོག་འཚོལ་བྱེད་མཁན་ཚན་པར་ངེས་པར་དུ་དེ་མཚུངས་ཀྱི་གནའ་རྫས་དཔྱད་ཞིབ་སྔོག་འཚོལ་ཚོགས་པའི་སྣེ་འཁྲིད་པ་དང་མི་སྒེར་གྱི་སྣེ་འཁྲིད་པའི་འོས་བབ་ཡོད་དགོས། གནའ་རྫས་དཔྱད་ཞིབ་སྔོག་འཚོལ་མ་བྱས་གོང་སྔོག་འཚོལ་བྱེད་རྒྱུའི་འཆར་གཞི་བཟོས་ནས་རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ཞིབ་བཤེར་བྱས་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་རིག་དངོས་སྲིད་འཛིན་སྡེ་ཚན་ལ་ཆོག་མཆན་ཞུ་དགོས།རྒྱལ་ནང་གི་ཚན་ཞིབ་ལས་ཁུངས་དང་མཐོ་རིམ་སློབ་གྲྭ་ཆེ་ཁག་གིས་ཚན་རིག་ཞིབ་འཇུག་དང་སློབ་ཁྲིད་དངོས་སྦྱོང་བྱེད་ཆེད་རང་སྐྱོང་ལྗོངས་སྲིད་འཛིན་ས་ཁོངས་སུ་རིག་དངོས་གནའ་རྫས་དཔྱད་ཞིབ་དང་བཙལ་འཚོལ་བྱེད་དགོས་ཚེ་ངེས་པར་དུ་སྔོན་ལ་རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་མོས་མཐུན་ཐོབ་དགོས།

    དོན་ཚན་སོ་གཅིག་པ། གནའ་རྫས་དཔྱད་ཞིབ་དང་། བཙལ་འཚོལ། སྔོག་འཚོལ་བཅས་བྱས་འབྲས་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་རིག་དངོས་སྲིད་འཛིན་སྡེ་ཚན་དང་རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་ལ་འབུལ་དགོས། གནའ་རྫས་དཔྱད་ཞིབ་སྔོག་འཚོལ་བྱེད་མཁན་ཚན་པས་ས་འོག་ནས་ཐོན་པའི་རིག་དངོས་ཡོངས་རྫོགས་ཐོ་དེབ་བཟོས་ནས་སྲུང་སྐྱོབ་དོ་དམ་གང་ལེགས་བྱེད་དགོས་པ་དང་། དམིགས་བསལ་གནས་ཚུལ་ཕུད་གནའ་རྫས་སྔོག་འཚོལ་མཇུག་འགྲིལ་རྗེས་ཀྱི་ཟླ་དྲུག་ནང་ཚུན་དུ་ངེས་པར་དུ་ས་འོག་ནས་ཐོན་པའི་རིག་དངོས་རྣམས་རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་དམིགས་འཛུགས་བྱས་པའི་བསྡུ་ཉར་ཚན་པར་སྲུང་སྐྱོབ་དོ་དམ་བྱེད་རྒྱུར་རྩིས་སྤྲོད་བྱེད་དགོས།

    གནའ་རྫས་དཔྱད་ཞིབ་སྔོག་འཚོལ་གྱི་དཔྱད་ཡིག་ཚང་མ་རྒྱལ་ཁབ་ཀྱི་ཡིག་ཚགས་ཡིན་པས་སྔོག་འཚོལ་བྱེད་མཁན་ཚན་པས་སྲུང་སྐྱོབ་དོ་དམ་གང་ལེགས་བྱེད་དགོས་པ་དང་། སྔོག་འཚོལ་བྱེད་མཁན་གྱིས་གནའ་རྫས་དཔྱད་ཞིབ་སྔོག་འཚོལ་གྱི་དཔྱད་ཡིག་རང་འཚམ་གྱིས་བཟུང་སྤྱོད་བྱེད་མི་ཆོག རིག་དངོས་སྲིད་འཛིན་སྡེ་ཚན་དང་དེ་སྔ་སྔོག་འཚོལ་བྱེད་མཁན་ཚན་པའི་མོས་མཐུན་མ་ཐོབ་པར་ཕྱིར་བསྒྲགས་བྱས་མེད་པའི་རིག་དངོས་དང་གནའ་རྫས་ཀྱི་དཔྱད་ཡིག་རིགས་ཚན་པ་དང་མི་སྒེར་སུ་འདྲ་ཞིག་གིས་ཀྱང་རང་དགར་ཕྱིར་བསྒྲགས་བྱེད་མི་ཆོག

    དོན་ཚན་སོ་གཉིས་པ། གཞི་རྩའི་འཛུགས་སྐྲུན་གྱི་ལས་གྲྭ་ཆེ་རིགས་གཉེར་སྐབས་འཛུགས་སྐྲུན་བྱེད་མཁན་ཚན་པས་ངེས་པར་དུ་སྔོན་ལ་རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་ནས་དེ་མཚུངས་ཀྱི་འོས་བབ་ཡོད་པའི་གནའ་རྫས་སྔོག་འཚོལ་ཚན་པ་སྒྲིག་འཛུགས་བྱས་ཏེ་ལས་གྲྭའི་གཉེར་ཁོངས་ནང་གནའ་རྫས་ཡོད་བཟོ་ཡོད་པའི་ས་ཆར་དཔྱད་ཞིབ་དང་བཙལ་འཚོལ་བྱེད་རྒྱུའི་སྙན་སེང་ཞུ་དགོས། རིག་དངོས་ཡོད་པ་ཤེས་རྟོགས་བྱུང་ཚེ་རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་རིག་དངོས་སྲུང་སྐྱོབ་བྱེད་རྒྱུའི་བླང་བྱ་གཞིར་བཟུང་འཛུགས་སྐྲུན་ཚན་པ་དང་མཉམ་དུ་སྲུང་སྐྱོབ་ཀྱི་བྱ་ཐབས་གྲོས་མོལ་གཏན་འཁེལ་བྱེད་རྒྱུ། དེར་མཁོ་བའི་འགྲོ་གྲོན་རྣམས་འཛུགས་སྐྲུན་བྱེད་མཁན་ཚན་པས་འཛུགས་སྐྲུན་ལས་གྲྭའི་སྔོན་རྩིས་ནང་འཇུག་དགོས་པ་དང་། རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་སྒྲིག་འཛུགས་ལག་བསྟར་བྱེད་རྒྱུ།

    དོན་ཚན་སོ་གསུམ་པ། གཞི་རྩའི་འཛུགས་སྐྲུན་གྱི་རྩད་ཞིབ་དང་། བཙལ་འཚོལ། ཨར་སྐྲུན་ནམ་ཡང་ན་ཐོན་སྐྱེད་འཛུགས་སྐྲུན་བཅས་བྱེད་པའི་ཁྲོད་རིག་དངོས་ཡོད་པ་ཤེས་ཚེ། འཛུགས་སྐྲུན་ཚན་པའམ་ཡང་ན་ཐོན་སྐྱེད་བྱེད་མཁན་གྱིས་ངེས་པར་དུ་ལས་མཚམས་ལམ་སེང་འཇོག་དགོས་པ་མ་ཟད་ལས་ཡུལ་དངོས་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། དུས་ཐོག་ཏུ་ས་གནས་དེ་གའི་རིག་དངོས་སྲིད་འཛིན་སྡེ་ཚན་ལ་ཐག་གཅོད་བྱེད་རྒྱུར་སྙན་སེང་ཞུ་དགོས། གཙོ་གནད་རིག་དངོས་ཤེས་རྟོགས་བྱུང་ཚེ་ས་གནས་དེ་གའི་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་དུས་ཐོག་ཏུ་རང་ཚན་པ་ལས་རིམ་པ་གཅིག་གིས་མཐོ་བའི་རིག་དངོས་སྲིད་འཛིན་སྡེ་ཚན་ལ་ཐག་གཅོད་བྱེད་རྒྱུར་སྙན་སེང་ཞུ་དགོས།

    ཚན་པ་དང་མི་སྒེར་སུ་འདྲ་ཞིག་གིས་ཀྱང་རིག་དངོས་ཧམ་འཕྲོག་དང་། ལྐོག་ཏུ་བགོ་བཤའ་རྒྱག་པ། སྦས་བསྐུངས་བཅས་བྱེད་མི་ཆོག

    ལེའུ་ལྔ་པ། རྟེན་མཛོད་དུ་ཉར་ཚགས་བྱས་པའི་རིག་དངོས།

    དོན་ཚན་སོ་བཞི་པ། རྟེན་རྫས་བཤམས་སྟོན་ཁང་དང་། དཔེ་མཛོད་ཁང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་དང་། དེ་བཞིན་རིག་དངོས་བསྡུ་ཉར་ཚན་པ་གཞན་དག་གིས་བསྡུ་ཉར་བྱས་པའི་རིག་དངོས་ལ་ངེས་པར་དུ་ཉར་ཚགས་དངོས་རིགས་ཀྱི་སྲུང་སྐྱོབ་དོ་དམ་ལམ་ལུགས་དང་ཉར་ཚགས་དངོས་རིགས་ཀྱི་ཡིག་ཚགས་ནན་པོ་བཟོ་དགོས། བསྡུ་ཉར་བྱས་པའི་རིག་དངོས་རྣམས་ངེས་པར་དུ་རེ་རེ་བཞིན་རིམ་པ་དབྱེ་བ་དང་། ཐོ་དེབ་བཟོ་བ། ཡིག་ཚགས་བཟོ་བ་བཅས་བྱེད་དགོས། ཉར་ཚགས་དངོས་རིགས་ཀྱི་ཡིག་ཚགས་རྣམས་ངེས་པར་དུ་དེ་མཚུངས་ཀྱི་རིག་དངོས་སྲིད་འཛིན་སྡེ་ཚན་ལ་སྙན་ཐོ་དཔོ་དགོས་པ་དང་། དེའི་ནང་གི་རིམ་པ་དང་པོའི་ཉར་ཚགས་དངོས་རིགས་ཀྱི་ཡིག་ཚགས་རྣམས་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་རིག་དངོས་སྲིད་འཛིན་སྡེ་ཚན་ལ་སྙན་ཐོ་དཔོ་དགོས།

    རྫོང་རིམ་ཡན་གྱི་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་རིག་དངོས་བསྡུ་ཉར་ཚན་པས་རྟེན་མཛོད་དུ་ཉར་ཚགས་བྱས་པའི་རིག་དངོས་ལ་ཡིག་ཚགས་བཟོ་དགོས།

    རྟེན་མཛོད་དུ་ཉར་ཚགས་བྱས་པའི་རིག་དངོས་ཀྱི་ཡིག་ཚགས་རྣམས་ངེས་པར་དུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་ཟིན་ཐོ་འགོད་དགོས།

    དོན་ཚན་སོ་ལྔ་པ། རྟེན་མཛོད་དུ་ཉར་ཚགས་བྱས་པའི་རྩ་ཆེའི་རིག་དངོས་ལ་ངེས་པར་དུ་ཟུར་དུ་མཛོད་ཁང་དང་སྒམ་བཟོས་ནས་གཙོ་གནད་དུ་སྲུང་སྐྱོབ་དོ་དམ་བྱེད་དགོས་པ་མ་ཟད། ལོ་ལྟར་བསྐྱར་ཞིབ་ཐེངས་རེ་བྱེད་དགོས། རིམ་པ་དང་པོའི་དངོས་རིགས་ཉར་ཚགས་བྱེད་པའི་བདེ་འཇགས་ཀྱི་ཆ་རྐྱེན་མེད་པའི་ཚན་པས་བསྡུ་ཉར་བྱས་པའི་རིག་དངོས་ཀྱི་ཉར་ཚགས་དངོས་རིགས་རྣམས་རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ཉར་ཚགས་ཀྱི་ཆ་རྐྱེན་འཛོམས་པའི་གཞུང་ཁོངས་རིག་དངོས་བསྡུ་ཉར་ཚན་པར་སྲུང་སྐྱོབ་དོ་དམ་བྱེད་འགན་སྤྲད་ཆོག་པ་དང་། དེ་སྔའི་བསྡུ་ཉར་ཚན་པར་བསྡུ་ཉར་བྱེད་པའི་ཆ་རྐྱེན་འཛོམས་རྗེས་ཕྱིར་སྤྲོད་བྱེད་རྒྱུ།

    དོན་ཚན་སོ་དྲུག་པ། རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། སྲིད་འཛིན་ས་ཁོངས་དེ་གའི་ནང་གི་རྟེན་མཛོད་དུ་ཉར་ཚགས་བྱས་པའི་རིག་དངོས་ཀྱི་ཡིག་ཚགས་བཟོས་ཟིན་པའི་རིག་དངོས་བསྡུ་ཉར་ཚན་པས་རིག་དངོས་རྟེན་མཛོད་དུ་ཉར་ཚགས་བྱེད་རྒྱུར་སྤྲད་ཆོག རྟེན་མཛོད་དུ་ཉར་ཚགས་བྱས་པའི་རིམ་པ་དང་པོའི་རིག་དངོས་རྣམས་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་རིག་དངོས་སྲིད་འཛིན་སྡེ་ཚན་ལ་སྙན་ཐོ་དཔོ་དགོས།

    དོན་ཚན་སོ་བདུན་པ། གཞུང་ཁོངས་རིག་དངོས་བསྡུ་ཉར་ཚན་པས་རྟེན་མཛོད་དུ་ཉར་ཚགས་བྱས་པའི་རིག་དངོས་ལག་རྟགས་ལ་སྤྲོད་པ་དང་། བོགས་མར་གཏོང་བའམ་ཡང་ན་ཚན་པ་དང་མི་སྒེར་ལ་ཚོང་མི་ཆོག

    དོན་ཚན་སོ་བརྒྱད་པ། རྟེན་མཛོད་དུ་ཉར་ཚགས་བྱས་པའི་རིག་དངོས་ནང་གི་རིག་དངོས་ཡིན་ལ་ཡིག་ཚགས(བསྟན་བཅོས)ཀྱང་ཡིན་པའི་རིགས་རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་ཆོག་མཆན་ཐོབ་རྗེས་གཞུང་ཁོངས་རིག་དངོས་བསྡུ་ཉར་ཚན་པས་ཡིག་ཚགས་ཁང་དང་། དཔེ་མཛོད་ཁང་། དྲན་གསོ་ཁང་། ཚན་ཞིབ་སོགས་ཚན་པའི་དབར་ཕན་ཚུན་པར་སློག་ཡིག་ཆའམ་ཡང་ན་དཀར་ཆག་བརྗེ་རེས་བྱས་ནས་མཉམ་དུ་འབྲེལ་ཡོད་ལོ་རྒྱུས་ཀྱི་དཔྱད་ཡིག་རྩོམ་སྒྲིག་དཔེ་སྐྲུན་ནམ་ཡང་ན་ལོ་རྒྱུས་ཀྱི་དཔྱད་ཡིག་ལ་ཞིབ་འཇུག་བྱས་ཆོག

    དོན་ཚན་སོ་དགུ་པ། རྟེན་རྫས་བཤམས་མཛོད་ཁང་དང་། དཔེ་མཛོད་ཁང་། རིག་དངོས་སྲུང་སྐྱོབ་ཚན་པ་ཡིན་པར་གཏན་འཁེལ་བྱས་པའི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ། རིག་དངོས་བསྡུ་ཉར་ཚན་པ་གཞན་དག་བཅས་ཀྱིས་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་མེ་ཟོན་དང་། རྐུ་ཟོན། འབུ་སྐྱོན་འགོག་ཟོན། ཐལ་རྡུལ་བཀག་འགོག ས་ཡོམ་འགོག་ཟོན་སོགས་ཀྱི་སྒྲིག་ཆས་དང་སྒྲིག་བཀོད་སྒྲིག་སྦྱོར་བྱས་ཁར། འབར་གས་སླ་བ་དང་རུལ་བསླད་འགྲོ་སླ་བ་སོགས་ཀྱི་ཉེན་ཆེའི་དངོས་རིགས་ཉར་འཇོག་བྱེད་རྒྱུ་ནན་འགོག་བྱས་ཏེ་བདེ་འཇགས་འགན་ལེན་བྱེད་དགོས།

    དོན་ཚན་བཞི་བཅུ་པ། རིག་དངོས་བསྡུ་ཉར་ཚན་པའི་ཁྲིམས་བཅད་འཐུས་ཚབ་པའམ་ཡང་ན་འགན་འཁུར་བས་རིག་དངོས་ཀྱི་བདེ་འཇགས་ལ་འགན་འཁུར་དགོས། རིག་དངོས་བསྡུ་ཉར་ཚན་པའི་ཁྲིམས་བཅད་འཐུས་ཚབ་པའམ་ཡང་ན་འགན་འཁུར་བ་ལས་གནས་ལས་བྲལ་སྐབས་རྟེན་མཛོད་དུ་ཉར་ཚགས་བྱས་པའི་རིག་དངོས་ཀྱི་ཡིག་ཚགས་དང་གསལ་ཐོ་གཞིར་བཟུང་རིག་དངོས་རྩིས་སྤྲོད་བྱེད་པའི་འགྲོ་ལུགས་སྒྲུབ་དགོས།

    ལེའུ་དྲུག་པ། དམངས་ཁྲོད་དུ་བསྡུ་ཉར་བྱས་པའི་རིག་དངོས།

    དོན་ཚན་ཞེ་གཅིག་པ། རིག་དངོས་བསྡུ་ཉར་ཚན་པ་ཕུད་པའི་སྤྱི་དམངས་དང་ཁྲིམས་ཚན་ནམ་ཡང་ན་རྩ་འཛུགས་གཞན་དག་གིས་གཤམ་གསལ་གྱི་བྱ་ཐབས་ལ་བརྟེན་ནས་རག་པའི་རིག་དངོས་བསྡུ་ཉར་བྱས་ཆོག་པ་སྟེ།

    (གཅིག)ཁྲིམས་བཞིན་ཤུལ་འཛིན་བྱས་པའམ་ཡང་ན་ལག་རྟགས་སུ་བླངས་པ་དང་།

    (གཉིས)རིག་དངོས་ཚོང་ཁང་ནས་ཉོ་སྒྲུབ་བྱས་པ།

    (གསུམ)རིག་དངོས་ཧབ་འཚོང་གི་ཁེ་ལས་ནས་ཉོས་པ།

    (བཞི)སྤྱི་དམངས་མི་སྒེར་ལ་ཁྲིམས་མཐུན་བཞིན་དབང་བའི་རིག་དངོས་ཕན་ཚུན་བརྗེ་པོ་བརྒྱབ་པའམ་ཡང་ན་ཁྲིམས་ལུགས་ལྟར་ནང་བཤུག་བཏང་བ།

    (ལྔ)རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཁྲིམས་མཐུན་གྱི་བྱེད་ཐབས་གཞན་དག་བཅས་སོ།

    རིག་དངོས་བསྡུ་ཉར་ཚན་པ་ཕུད་པའི་སྤྱི་དམངས་དང་། ཁྲིམས་ཚན་ནམ་ཡང་ན་རྩ་འཛུགས་གཞན་དག་གིས་ཁྲིམས་མཐུན་བཞིན་བསྡུ་ཉར་བྱས་པའི་རིག་དངོས་རྣམས་ངེས་པར་དུ་ས་གནས་དེ་གའི་རིག་དངོས་སྲིད་འཛིན་སྡེ་ཚན་ལ་སྙན་ཐོ་དཔོ་དགོས་པ་མ་ཟད་ཁྲིམས་བཞིན་འཁོར་རྒྱུག་བྱས་ཆོག ཚན་པ་དང་མི་སྒེར་སུ་འདྲ་ཞིག་གིས་ཀྱང་རིན་སྐྱིན་མེད་པར་བདག་ཏུ་འཛིན་མི་ཆོག

    དོན་ཚན་ཞེ་གཉིས་པ། རིག་དངོས་ཚོང་ཁང་འཛུགས་པར་ངེས་པར་དུ་རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་ཆོག་མཆན་ཐོབ་པ་མ་ཟད། ཁྲིམས་བཞིན་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་སྤྲད་པའི་ཚོང་གཉེར་ལག་ཁྱེར་རག་རྗེས་རིག་དངོས་བྲིན་ཚོང་བྱས་ཆོག རིག་དངོས་ཚོང་ཁང་གིས་རིག་དངོས་ཧབ་འཚོང་སྐུལ་བའི་བྱེད་སྒོ་སྤེལ་མི་ཆོག་པ་དང་། རིག་དངོས་ཧབ་འཚོང་ཁེ་ལས་འཛུགས་མི་ཆོག

    དོན་ཚན་ཞེ་གསུམ་པ། ཁྲིམས་བཞིན་བཙུགས་པའི་ཧབ་འཚོང་སྐུལ་མཁན་ཁེ་ལས་ཀྱིས་རིག་དངོས་ཧབ་འཚོང་སྐུལ་དགོས་ཚེ་ངེས་པར་དུ་རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་སྤྲད་པའི་རིག་དངོས་ཧབ་འཚོང་སྐུལ་བའི་འཁྲོལ་འཛིན་ཡོད་དགོས། རིག་དངོས་ཧབ་འཚོང་ཁེ་ལས་ཀྱིས་རིག་དངོས་ཉོ་འཚོང་བྱེད་པའི་བྱེད་སྒོ་སྤེལ་མི་ཆོག་པ་དང་རིག་དངོས་ཚོང་ཁང་འཛུགས་མི་ཆོག

    དོན་ཚན་ཞེ་བཞི་པ། ཆོག་མཆན་ཐོབ་པའི་རིག་དངོས་ཚོང་ཁང་དང་རིག་དངོས་ཧབ་འཚོང་ཁེ་ལས་ཕུད་དེ་མིན་གྱི་ཚན་པ་དང་མི་སྒེར་སུ་འདྲ་ཞིག་གིས་ཀྱང་རིག་དངོས་འཚོང་བ་དང་། ཧབ་འཚོང་སྐུལ་བའམ་ཡང་ན་རིག་དངོས་ཚོང་གཉེར་བཅས་ཀྱི་བྱེད་སྒོ་སྤེལ་མི་ཆོག

    དོན་ཚན་ཞེ་ལྔ་པ། ཧབ་འཚོང་ཁེ་ལས་ཀྱིས་རིག་དངོས་ཧབ་འཚོང་མ་སྐུལ་གོང་དུ་རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ཞིབ་དཔྱད་བྱས་པ་བརྒྱུད། ཧབ་འཚོང་སྐུལ་རྒྱུའི་རིག་དངོས་རྒྱལ་སྲིད་སྤྱི་ཁྱབ་ཁང་རིག་དངོས་སྲིད་འཛིན་སྡེ་ཚན་ལ་སྙན་ཐོ་དཔོ་དགོས། བཙོངས་ཆོག་པའི་རིག་དངོས་ལ་རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་མཚོན་རྟགས་འགོད་དགོས། རིག་དངོས་ཚོང་ཁང་དང་རིག་དངོས་ཧབ་འཚོང་ཁེ་ལས་ཀྱིས་མཚོན་རྟགས་བཤུ་བ་དང་། བརྗེ་པོ་རྒྱག་པ། གཞན་སྤྱོད་བྱེད་པ། གཏོར་སྐྱོན་གཏོང་བའམ་ཡང་ན་རྫུན་མ་བཟོ་བ་བཅས་བྱེད་མི་ཆོག

    དོན་ཚན་ཞེ་དྲུག་པ། འཁོར་རྒྱུག་ཁྲོམ་རའི་ནང་རིག་དངོས་དང་འབྲེལ་བ་ཡོད་པ་རྣམས་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་སྤྱི་བདེ་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་དང་མཉམ་དུ་གཅིག་གྱུར་དོ་དམ་བྱེད་དགོས་པ་དང་། ཁྲིམས་འགལ་གྱིས་རིག་དངོས་ཚོང་གཉེར་བྱེད་པའི་བྱེད་སྒོ་སྤེལ་བ་ཤེས་ཚེ་ངེས་པར་དུ་གྱོད་འབྲེལ་རིག་དངོས་རྣམས་ཁྲིམས་བཞིན་གཞུང་བཞེས་གཏོང་བ་དང་འབྲེལ་ཚོང་གཉེར་བྱེད་གནས་མེད་པ་བཟོ་དགོས། རིག་དངོས་ལྐོག་འདྲེན་བྱེད་སྒོ་སྤེལ་ཚེ་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་སྤྱི་བདེ་དང་འགག་སྒོའི་སྡེ་ཚན་དང་མཉམ་དུ་རྡུང་རྡེག་ཚ་ནན་གཏོང་དགོས།

    ལེའུ་བདུན་པ། རིག་དངོས་པར་ལེན་དང་། པར་བཤུས། འདྲ་བཟོ།

    དོན་ཚན་ཞེ་བདུན་པ། རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པའི་ནང་ལྗོངས་དང་རྟེན་མཛོད་དུ་ཉར་ཚགས་བྱས་པའི་རིམ་པ་དང་པོའི་རིག་དངོས་པར་ལེན་བྱེད་དགོས་ཚེ་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་ཞིབ་མཆན་ཐོབ་དགོས། རང་སྐྱོང་ལྗོངས་དང་། གྲོང་ཁྱེར(ས་གནས) རྫོང་བཅས་ཀྱི་རིག་དངོས་སྲུང་སྐྱོབ་ཚན་པའི་ནང་ལྗོངས་དང་། རྟེན་མཛོད་དུ་ཉར་ཚགས་བྱས་པའི་རིམ་པ་གཉིས་པ་དང་དེ་མན་གྱི་རིག་དངོས་པར་ལེན་བྱེད་དགོས་ཚེ་རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་ཞིབ་མཆན་ཐོབ་དགོས།

    ཕྱི་ཕྱོགས་དྲིལ་བསྒྲགས་ཀྱི་ལས་ཀའི་ཆེད་དུ་རིག་དངོས་སྲུང་སྐྱོབ་ཚན་པའི་ནང་ལྗོངས་དང་རྟེན་མཛོད་དུ་ཉར་ཚགས་བྱས་པའི་རིག་དངོས་པར་ལེན་བྱེད་དགོས་ཚེ་རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ཞིབ་བཤེར་བྱས་རྗེས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་ཞིབ་མཆན་ཞུ་དགོས།

    རིག་དངོས་པར་ལེན་བྱེད་མཁན་ཚན་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་རིག་དངོས་སྲིད་འཛིན་སྡེ་ཚན་ནམ་ཡང་ན་རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་སྤྲད་པའི《རིག་དངོས་པར་ལེན་འཁྲོལ་འཛིན》རག་པ་མ་ཟད། རིག་དངོས་སྲུང་སྐྱོབ་ཚན་པའམ་ཡང་ན་རིག་དངོས་བསྡུ་ཉར་ཚན་པའི་དབར《རིག་དངོས་པར་ལེན་གྱི་ཉེན་མེད་འགན་ཡིག》བཞག་པ་དང་རིག་དངོས་སྤྱད་གླ་སྤྲད་རྗེས་གཞི་ནས་རིག་དངོས་པར་ལེན་བྱས་ཆོག རིག་དངོས་སྤྱད་གླའི་ཚད་གཞི་དེའང་རྒྱལ་ཁབ་རིག་དངོས་སྲིད་འཛིན་སྡེ་ཚན་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལག་བསྟར་བྱེད་དགོས། ཆོག་མཆན་ཐོབ་རྗེས་རིག་དངོས་སྲུང་སྐྱོབ་ཀྱི་སྤྱད་གླ་ལེན་པ་རྣམས་ངེས་པར་དུ་རིག་དངོས་སྲུང་སྐྱོབ་ཐད་སྤྱོད་དགོས་པ་ལས་ཚན་པའམ་ཡང་ན་མི་སྒེར་སུ་འདྲ་ཞིག་གིས་ཀྱང་ཧམ་བཟུང་དང་གཞན་སྤྱོད་བྱེད་མི་ཆོག

    དོན་ཚན་ཞེ་བརྒྱད་པ། གནའ་རྫས་དཔྱད་ཞིབ་སྔོག་འཚོལ་བྱེད་ཡུལ་པར་ལེན་བྱེད་མི་ཆོག རྒྱལ་ནང་གསར་འགྱུར་ཚན་པས་གསར་འགྱུར་འབྲི་འགོད་བྱེད་ཆེད་གནའ་རྫས་དཔྱད་ཞིབ་སྔོག་འཚོལ་བྱེད་བཞིན་པའི་ལས་ཡུལ་དངོས་པར་ལེན་བྱེད་དགོས་བྱུང་ཚེ་ངེས་པར་དུ་སྔོག་འཚོལ་བྱེད་མཁན་ཚན་པའི་མོས་མཐུན་ཐོབ་རྗེས་རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་ཆོག་མཆན་ཐོབ་དགོས། ཆེད་དོན་པར་གཞི་དང་ཐད་གཏོང་ལེ་ཚན་རིགས་བཟོ་དགོས་ཚེ་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་ཞིབ་མཆན་ཞུ་དགོས།

    དོན་ཚན་ཞེ་དགུ་པ། ཕྱི་རྒྱལ་གྱི་ལས་ཁུངས་དང་ཚོགས་པས་རིག་དངོས་པར་ལེན་བྱེད་དགོས་ཚེ་རིག་དངོས་སྲུང་སྐྱོབ་ཚན་པའི་རིམ་པ་དང་། རྟེན་མཛོད་དུ་ཉར་ཚགས་བྱས་པའི་རིག་དངོས་ཀྱི་རིམ་པ་གང་ཡིན་ལ་ལྟོས་མི་དགོས་པར་སྣེ་ལེན་བྱེད་མཁན་སྡེ་ཚན་གྱིས་རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་མོས་མཐུན་ཐོབ་རྗེས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་ཆོག་མཆན་ཞུ་དགོས།

    དོན་ཚན་ལྔ་བཅུ་པ། གློག་བརྙན་བརྙན་འཕྲིན་པར་གཞི་དང་། ཚོང་ལས་བརྡ་ཁྱབ་པར་གཞིའི་རིགས་སྤྱི་དམངས་ཡོངས་ལ་སྒོ་དབྱེ་བྱས་པའི་རིག་དངོས་སྲུང་སྐྱོབ་ཚན་པའི་ཕྱི་ལྗོངས་མ་གཏོགས་པར་ལེན་བྱེད་མི་ཆོག་ཅིང་། རིག་དངོས་སྲུང་སྐྱོབ་ཚན་པའི་ནང་ལྗོངས་དང་དེ་བཞིན་རྟེན་མཛོད་དུ་ཉར་ཚགས་བྱས་པའི་རིག་དངོས་པར་ལེན་བྱེད་དགོས་ངེས་ཡིན་ཚེ་པར་ལེན་བྱེད་མཁན་ཚན་པས་ངེས་པར་དུ་སྔོན་ལ་འཆར་གཞི་བཏོན་ནས་རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་ཆོག་མཆན་ཞུ་དགོས།

    དོན་ཚན་ང་གཅིག་པ། རིག་དངོས་སྲུང་སྐྱོབ་ཚན་པ་དང་རིག་དངོས་བསྡུ་ཉར་ཚན་པས་རྒྱལ་ནང་གི་དཔེ་སྐྲུན་ཚན་པ་དང་མཉམ་ལས་བྱས་ནས་རིག་དངོས་ཀྱི་ནང་དོན་གཙོ་བོར་བྱས་པའི་པར་སྐྲུན་དངོས་རིགས་འགྲེམས་སྤེལ་བྱེད་དགོས་ཚེ། ངེས་པར་དུ་ས་ཆ་དེ་གའི་རིག་དངོས་སྲིད་འཛིན་སྡེ་ཚན་ལ་མཉམ་ལས་ཀྱི་འབྲེལ་ཡོད་འདོད་ཕྱོགས་གྲོས་ཡིག་དང་། པར་རིས་འགྲེལ་ཡིག་གི་ནང་དོན་སྙན་འབུལ་ཞུ་དགོས་པ་མ་ཟད་རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་ཆོག་མཆན་ཞུ་དགོས། འགྲེམས་སྤེལ་བྱས་མེད་པའི་རིག་དངོས་དཔྱད་ཡིག་རྣམས་རང་དགར་མཁོ་འདོན་བྱེད་མི་ཆོག

    དོན་ཚན་ང་གཉིས་པ། རང་སྐྱོང་ལྗོངས་སྲིད་འཛིན་ས་ཁོངས་ཀྱི་ལྕགས་རིགས་དང་རྡོ་བརྐོས་ཡི་གེ་དང་། ལྡེབས་རིས། བྲག་རིས། བྲག་ཕུག་གི་རྡོ་བསྐོས་ལྷ་རིས་སོགས་རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་ཆོག་མཆན་མ་ཐོབ་པར་པར་བཤུས་དང་། འདྲ་བཟོ། འདྲ་བཤུས་བཅས་བྱེད་མི་ཆོག པར་བཤུས་དང་། འདྲ་བཟོ། འདྲ་བཤུས་བཅས་བྱེད་རྒྱུའི་ཆོག་མཆན་ཐོབ་རིགས། དེ་དག་གི་གྲངས་ཚད་ངེས་པར་དུ་ཚོད་འཛིན་ནན་པོ་བྱས་ཏེ་པར་སློག་བརྒྱབ་ནས་ཕྱིར་འཚོང་བྱེད་མི་ཆོག་པ་དང་ཕྱི་རྒྱལ་ལ་པར་བཤུས་བྱེད་རྒྱུར་མཁོ་འདོན་བྱེད་མི་ཆོག

    དོན་ཚན་ང་གསུམ་པ། རིག་དངོས་འདྲ་བཟོ་དང་ཉམས་བཟོ་བྱེད་རྒྱུ་དེ་རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་གཅིག་གྱུར་དོ་དམ་བྱེད་དགོས། རིམ་པ་དང་པོའི་རིག་དངོས་རིགས་འདྲ་བཟོ་དང་ཉམས་བཟོ་བྱེད་དགོས་ཚེ། ངེས་པར་དུ་རྒྱལ་ཁབ་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་ཆོག་མཆན་ཞུ་དགོས་པ་དང་། རིམ་པ་གཉིས་པ་དང་དེ་མིན་གྱི་རིག་དངོས་འདྲ་བཟོ་བྱེད་དགོས་ཚེ་རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་ལ་ཆོག་མཆན་ཞུ་དགོས། ཆོག་མཆན་མ་ཐོབ་པར་ཚན་པ་དང་མི་སྒེར་སུ་འདྲ་ཞིག་གིས་ཀྱང་རིག་དངོས་འདྲ་བཟོ་དང་ཉམས་བཟོ་བྱེད་མི་ཆོག

    ལེའུ་བརྒྱད་པ། རིག་དངོས་རྒྱལ་མཚམས་འགྲོལ་ནས་ཕྱིར་གཏོང་ནང་འདྲེན་བྱེད་པ།

    དོན་ཚན་ང་བཞི་པ། རང་སྐྱོང་ལྗོངས་སྲིད་འཛིན་ས་ཁོངས་ནང་གི་གཞུང་ཁོངས་རིག་དངོས་དང་གཞུང་ཁོངས་མིན་པའི་རིག་དངོས་ཁྲོད་ཀྱི་རྩ་ཆེའི་རིག་དངོས་དང་། རྒྱལ་ཁབ་ཀྱིས་རྒྱལ་མཚམས་ནས་ཕྱིར་གཏོང་མི་ཆོག་པའི་རིག་དངོས་གཞན་དག རྒྱལ་ཁབ་ཀྱིས་ཕྱི་ཕྱོགས་ལ་འགྲེམས་སྟོན་དང་རིག་གནས་སྤེལ་རེས་བྱེད་རྒྱུར་ཆོག་མཆན་སྤྲད་པ་དང་དེ་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ཆོག་མཆན་སྤྲད་པ་ཕུད་དེ་མིན་ཚང་མ་ཕྱིར་གཏོང་བྱེད་མི་ཆོག

    དོན་ཚན་ང་ལྔ་པ། རྒྱལ་ཁབ་ཀྱིས་དམིགས་འཛུགས་བྱས་པའི་རིག་དངོས་ཕྱིར་འདྲེན་བྱེད་སའི་འགག་སྒོ་ནས་ཕྱིར་འདྲེན་བྱེད་པ་ཕུད་དེ་བྱིངས་འགག་སྒོ་ཚང་མ་ནས་རིག་དངོས་ཕྱིར་འདྲེན་བྱེད་མི་ཆོག

    དོན་ཚན་ང་དྲུག་པ། རིག་དངོས་རྒྱལ་མཚམས་གྲོལ་ནས་འགྲེམས་སྟོན་བྱེད་པར་ངེས་པར་དུ་རང་སྐྱོང་ལྗོངས་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ཞིབ་དཔྱད་བྱས་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་ཆོག་མཆན་ཞུ་དགོས།

    དོན་ཚན་ང་བདུན་པ། རིག་དངོས་གནས་སྐབས་ནང་འདྲེན་བྱེད་དགོས་ཚེ། འགག་སྒོ་ལས་ཁུངས་ཀྱིས་རིག་དངོས་ལ་ཐེལ་ཙེ་བརྒྱབ་རྗེས་དོ་བདག་ལ་སྤྲད་དེ་རིག་དངོས་ཕྱིར་གཏོང་ནང་འདྲེན་ལ་ཞིབ་དཔྱད་བྱེད་མཁན་གྱི་ལས་ཁུངས་ལ་ཞིབ་དཔྱད་དང་ཐོ་འགོད་བྱེད་རྒྱུར་རྩིས་སྤྲོད་དགོས། རིག་དངོས་ཕྱིར་གཏོང་ནང་འདྲེན་གྱི་ཞིབ་དཔྱད་བྱེད་མཁན་ལས་ཁུངས་ཀྱིས་འགག་སྒོའི་ཐེལ་ཙེར་ལྷད་སྐྱོན་ཡོད་མེད་ཞིབ་བཤེར་བྱས་རྗེས་གནས་སྐབས་ནང་འདྲེན་བྱེད་རྒྱུའི་རིག་དངོས་ཚང་མར་རིག་དངོས་གནས་སྐབས་ནང་འདྲེན་བྱེད་པའི་མཚོན་རྟགས་གསལ་པོ་བཀོད་དགོས་པ་མ་ཟད་ཐོ་འགོད་པར་ལེན་བྱེད་དགོས།

    ལེའུ་དགུ་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

    དོན་ཚན་ང་བརྒྱད་པ། གཤམ་གསལ་བྱེད་སྤྱོད་ཀྱི་གང་རུང་ཞིག་ཡོད་རུང་ཉེས་གསོག་གི་ཚད་ལ་སླེབས་མེད་ཚེ། རྫོང་རིམ་ཡན་གྱི་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། མཇུག་འབྲས་ཚབས་ཆེན་བཟོས་ཚེ་སྒོར་ཁྲི་5ཡན་དང་སྒོར་ཁྲི་20མན་གྱི་དངུལ་ཆད་འགེལ་རྒྱུ། ཉེས་ཚབས་ཆེ་རིགས་ལ་དེ་སྔའི་ལག་ཁྱེར་སྤྲོད་མཁན་ལས་ཁུངས་ཀྱིས་འོས་ཐོབ་ལག་ཁྱེར་མེད་པ་བཟོ་རྒྱུ་སྟེ།

    (གཅིག)རང་དགར་རིག་དངོས་སྲུང་སྐྱོབ་ཚན་པའི་སྲུང་སྐྱོབ་བྱེད་ཁོངས་སུ་འཛུགས་སྐྲུན་ལས་གྲྭའམ་ཡང་ན་འབར་གཏོར་དང་། གསོར་འབིགས། སྔོག་འདོན་སོགས་ཀྱི་ལས་ཀ་བྱས་པའི་རིགས་དང་།

    (གཉིས)རིག་དངོས་སྲུང་སྐྱོབ་ཚན་པའི་འཛུགས་སྐྲུན་མི་ཆོག་པའི་ས་ཁོངས་སུ་འཛུགས་སྐྲུན་ལས་གྲྭ་གཉེར་བ་དང་། དེའི་ལས་གྲྭའི་ཇུས་གཞིར་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་མོས་མཐུན་མ་ཐོབ་པའི་ཁར། རིག་དངོས་སྲུང་སྐྱོབ་ཚན་པའི་ལོ་རྒྱུས་ཀྱི་རྣམ་པར་གཏོར་སྐྱོན་བཟོས་པའི་རིགས།

    (གསུམ)རང་དགར་གནས་སྤོ་བྱེད་པ་དང་། སྤོ་ཐབས་མེད་པའི་རིག་དངོས་བཤིག་པའི་རིགས།

    (བཞི)རང་དགར་སྤོ་ཐབས་མེད་པའི་རིག་དངོས་ཉམས་གསོ་བྱས་ནས་རིག་དངོས་ཀྱི་སྔར་ཡོད་རྣམ་པར་འགྱུར་ལྡོག་མངོན་གསལ་དོད་པོ་གཏོང་རིགས།

    (ལྔ)ཆ་ཚང་གཏོར་བརླག་ཏུ་སོང་བའི་སྤོ་ཐབས་མེད་པའི་རིག་དངོས་དེ་སྔའི་གནས་ཡུལ་དུ་རང་དགར་བསྐྱར་དུ་བསྐྲུན་ནས་རིག་དངོས་ལ་གཏོར་སྐྱོན་ཐེབས་རིགས།

    (དྲུག)ཨར་ལས་ཚན་པས་རིག་དངོས་སྲུང་སྐྱོབ་ལས་གྲྭའི་འོས་ཐོབ་ལག་ཁྱེར་ཐོབ་མེད་པར་རང་དགར་རིག་དངོས་ཉམས་གསོ་དང་གནས་སྤོ། དེ་བཞིན་བསྐྱར་སྐྲུན་བྱས་རིགས་བཅས་སོ།

    རིག་དངོས་ཐོག་རི་མོ་འབྲིས་པ་དང་སྦགས་བཙོག་བཟོས་པའམ་ཡང་ན་གཏོར་སྐྱོན་གཏོང་ཚབས་ཆུང་བའི་རིགས་དང་། ཡང་ན་རིག་དངོས་སྡེ་ཚན་གྱི་མཚོན་རྟགས་གཏོར་བརླག་བཏང་རིགས། སྤྱི་བདེ་ལས་ཁུངས་སམ་ཡང་ན་རིག་དངོས་གནས་སའི་ཚན་པས་ཐ་ཚིག་བསྒྲོག་རྒྱུ་དང་འབྲེལ་དངུལ་ཆད་བཀལ་ཆོག

    དོན་ཚན་ང་དགུ་པ། སྲོལ་ཡིག་འདིའི་དོན་ཚན་ཞེ་ལྔ་པའི་ནང་གསེས་གཉིས་པའི་གཏན་འབེབས་དང་འགལ་ཏེ། རིག་དངོས་ཚོང་ཁང་དང་རིག་དངོས་ཧབ་འཚོང་ཁེ་ལས་ཀྱིས་རིག་དངོས་ཀྱི་མཚོན་རྟགས་བསུབ་པ་དང་། བརྗེ་པོ་བརྒྱབ་པ། གཞན་སྤྱོད་བྱས་པ། གཏོར་སྐྱོན་བཏང་བའམ་ཡང་ན་རྫུན་བཟོ་བྱས་རིགས་རིག་དངོས་སྲིད་འཛིན་སྡེ་ཚན་གྱིས་ལེགས་བཅོས་བྱེད་དུ་འཇུག་རྒྱུ་མ་ཟད་སྒོར་5000ཡན་ནས་སྒོར་ཁྲི་5མན་གྱི་དངུལ་ཆད་འགེལ་རྒྱུ།

    དོན་ཚན་དྲུག་ཅུ་པ། རིག་དངོས་སྲིད་འཛིན་སྡེ་ཚན་དང་། གཞུང་ཁོངས་རིག་དངོས་བསྡུ་ཉར་ཚན་པ། རིག་དངོས་ཚོང་ཁང་། རིག་དངོས་ཧབ་འཚོང་སྐུལ་ནས་ཚོང་གཉེར་བྱེད་མཁན་ཧབ་འཚོང་ཁེ་ལས་བཅས་ཀྱི་ལས་བྱར་གཤམ་གསལ་གྱི་བྱེད་སྤྱོད་གང་རུང་ཞིག་ཡོད་ཚེ། ཁྲིམས་བཞིན་སྲིད་འཛིན་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཁྲིམས་ལྟར་ལས་ཁུངས་ནས་ཕྱིར་འབུད་གཏོང་རྒྱུའམ་ཡང་ན་དེའི་ལས་གཉེར་འོས་བབ་མེད་པ་བཟོ་རྒྱུ། ཉེས་གསོག་གི་ཚད་ལ་སླེབས་རིགས་ཁྲིམས་བཞིན་ཉེས་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་སྟེ།

    (གཅིག)རིག་དངོས་སྲིད་འཛིན་སྡེ་ཚན་གྱི་ལས་བྱས་སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ནས་ཞིབ་མཆན་འགོད་དབང་གང་བྱུང་སྤྱོད་པ་དང་། འགན་འཁྲི་མི་སྒྲུབ་པའམ་ཡང་ན་ཁྲིམས་འགལ་བྱེད་སྤྱོད་ཤེས་རྟོགས་བྱུང་ཡང་ཞིབ་བཤེར་ཐག་གཅོད་མ་བྱས་པར་མཇུག་འབྲས་ཚབས་ཆེན་བཟོས་རིགས་དང་།

    (གཉིས)རིག་དངོས་སྲིད་འཛིན་སྡེ་ཚན་གྱི་ལས་བྱས་གཞུང་ཁོངས་རིག་དངོས་གཡར་སྤྱོད་བྱས་པའམ་ཡང་ན་བྱེད་སྟངས་གཞན་དག་སྤྱད་དེ་ཁྲིམས་དང་མ་མཐུན་པར་བདག་བཟུང་བྱས་རིགས།

    (གསུམ)རིག་དངོས་སྲིད་འཛིན་སྡེ་ཚན་གྱི་ལས་བྱས་རིག་དངོས་ཉོ་འཚོང་ཚན་པའམ་ཡང་ན་རིག་དངོས་ཧབ་འཚོང་བྱེད་པའི་ཧབ་འཚོང་ཁེ་ལས་གཉེར་བའམ་ཡང་ན་དེའི་ནང་ཞུགས་རིགས།

    (བཞི)འགན་འཁྲི་མ་བསྒྲུབས་སྟབས། རིག་དངོས་སྲུང་སྐྱོབ་ཚན་པ་དང་རྩ་ཆེའི་རིག་དངོས་ལ་གཏོར་སྐྱོན་ཐེབས་པའམ་ཡང་ན་རིག་དངོས་བོར་བརླག་སོང་རིགས།

    (ལྔ)རིག་དངོས་སྲུང་སྐྱོབ་ཀྱི་གྲོན་དངུལ་ལྐོག་ཟ་དང་གཞན་སྤྱོད་བྱས་རིགས་བཅས་སོ།

    ནང་གསེས་གོང་མར་འཁོད་པའི་ལས་ཁུངས་ནས་ཕྱིར་འབུད་བཏང་བའམ་ཡང་ན་ལས་གཉེར་འོས་བབ་མེད་པ་བཟོས་པའི་མི་སྣས། ལས་ཁུངས་ནས་ཕྱིར་འབུད་བཏང་བའམ་ཡང་ན་ལས་གཉེར་འོས་བབ་མེད་པ་བཟོས་ཉིན་ནས་བརྩིས་པའི་ལོ་10ཡི་ནང་ཚུན་དུ། རིག་དངོས་བདག་གཉེར་བྱེད་འགན་འཁུར་མི་ཆོག་པའམ་ཡང་ན་རིག་དངོས་གཉེར་སྐྱོང་གི་ལས་ཀ་བྱེད་མི་ཆོག

    དོན་ཚན་རེ་གཅིག་པ། སྤྱི་བདེ་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ། འགག་སྒོ། རང་བྱུང་ཐོན་ཁུངས། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་སྡེ་ཚན་བཅས་དང་། དེ་བཞིན་རྒྱལ་ཁབ་ལས་ཁུངས་གཞན་དག་གིས་སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ཏེ་འགན་དབང་གང་བྱུང་སྤྱོད་པ་དང་། རང་འགན་གཡོ་ཟོལ། ཉེར་ཕྱོགས་གཡོ་ཟོལ་བཅས་ཀྱིས་རྒྱལ་ཁབ་ཀྱི་རྩ་ཆེའི་རིག་དངོས་ལ་གཏོར་སྐྱོན་ཐེབས་པའམ་ཡང་ན་བོར་བརླག་སོང་རིགས་ལ། འགན་འཁྲི་ཡོད་པའི་འགན་འཁུར་བ་གཙོ་བོ་དང་ཐད་ཀའི་འགན་འཁྲི་ཡོད་མཁན་གཞན་དག་ལ་ཁྲིམས་བཞིན་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ། ཉེས་གསོག་གི་ཚད་ལ་སླེབས་རིགས་ཁྲིམས་བཞིན་ཉེས་འགན་བདའ་འདེད་གཏོང་རྒྱུ།

    དོན་ཚན་རེ་གཉིས་པ། དོ་བདག་གིས་སྲིད་འཛིན་ཆད་གཅོད་ལ་མོས་པ་མེད་ཚེ་ཁྲིམས་བཞིན་སྲིད་འཛིན་བསྐྱར་ཞིབ་བྱེད་རེ་ཞུས་ཆོག་པའམ་ཡང་ན་སྲིད་འཛིན་ཞུ་གཏུག་བརྒྱབ་ཆོག སྲིད་འཛིན་ཆད་གཅོད་ཀྱི་གཏན་འབེབས་དུས་འགྱངས་ཀྱིས་ལག་བསྟར་མ་བྱས་ཚེ། ཆད་གཅོད་གཏན་འབེབས་བྱེད་མཁན་སྲིད་འཛིན་ལས་ཁུངས་ཀྱིས་མི་དམངས་ཁྲིམས་ཁང་ནས་བཙན་ཤེད་ཀྱིས་ལག་བསྟར་གནང་རེ་ཞུས་ཆོག

    ལེའུ་བཅུ་པ། ཞར་བྱུང་།

    དོན་ཚན་རེ་གསུམ་པ། སྲོལ་ཡིག་འདི་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།

    (ལྗོངས་རྩོམ་སྒྱུར་ཅུས་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།