[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས།

    སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་ཟུར་པ། པད་མ་རྣམ་རྒྱལ་གྱིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-14

    2011ལོའི་ཟླ་བ་དགུ་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་སྐབས། “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”པའི་མཛུབ་སྟོན་གལ་ཆེན་གནང་ཡོད། ལྗོངས་ཡོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པའི་དུས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ལྗོངས་ཏང་ཨུད་ཀྱི་གསོན་ཉམས་དོད་པའི་ལག་ལེན་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ་དང་། མཛུབ་སྟོན་གལ་ཆེན་འདི་ནི་བོད་ཀྱི་གཞི་རྩའི་ལྗོངས་བབ་དང་ལས་དོན་གྱི་ཆོས་ཉིད་ཁོང་དུ་ཡང་ དག་ཆུད་པར་གནང་བ་ཞིག་ཡིན་ལ། དེ་ལས་སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བརྩེ་བ་ཟབ་མོ་འཆང་བ་དང་བོད་ཀྱི་ལས་དོན་ལ་རེ་བ་ཆེན་པོ་བཅོལ་གནང་བར་མྱོང་ཚོར་ཟབ་མོ་ཐུབ་པ་བྱེད་དགོས། མཛུབ་སྟོན་གལ་ཆེན་གྱི་ནང་དོན་ལ་སྔར་བས་གོ་བ་ལོན་པ་དང་ཁོང་དུ་ཡང་དག་ཆུད་པར་བྱེད་པ་ནི་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་དང་སྣོད་བཅུད་ཀྱི་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་པ་བཅས་ལ་མཚོན་ན་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་ལྡན་ཡོད།

    གཅིག མི་རིགས་ཁག་གི་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་ནི་ཀྲུང་ཧྭ་མི་རིཌ་ཁྱིམ་ཚང་ཆེན་པོའི་ཁེ་ཕན་ཆེ་ཤོས་ཤིག་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་ཧྭ་མི་རིགས་དང་མི་རིགས་ཁག་གི་འབྲེལ་བ་ནི་ཁྱིམ་ཚང་ཆེན་པོ་ཞིག་དང་དེའི་ནང་མིའི་དབར་གྱི་འབྲེལ་བ་ལྟ་བུ་རེད། མི་རིགས་ཁག་དབར་གྱི་འབྲེལ་བ་ནི་ཁྱིམ་ཚང་ཆེན་པོའི་ནང་མི་མི་འདྲ་བའི་དབར་གྱི་འབྲེལ་བ་ལྟ་བུ་རེད”ཅེས་བསྟན་གནང་ཡོད། བོད་རིགས་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོའི་གྲུབ་ཆ་གལ་ཆེན་གྱི་ངོས་ནས་རྒྱ་རིགས་དང་། སྤུན་ཟླའི་མི་རིགས་གཞན་དག་དང་རྩ་བ་གཅིག་དང་རྒྱུད་པ་གཅིག་ནས་འཕེལ་བ་ཞིག་རེད། སྤུན་ཟླའི་མི་རིགས་གཞན་དག་དང་དཔལ་འབྱོར་དང་། ཆབ་སྲིད། རིག་གནས་བཅས་ལ་འབྲེལ་བ་བྱེད་པའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོར་ཤ་ཁྲག་གཅིག་ཏུ་འབྲེལ་བ་དང་མཉམ་ཤི་མཉམ་གསོན་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཆགས་ཡོད། ལོ་རྒྱུས་དང་དོན་དངོས་ལས་བོད་ཀྱི་ལས་དབང་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོའི་ལས་དབང་དང་དམ་པོར་སྦྲེལ་ཡོད་པས་མི་རིགས་ཁག་ཕན་ཚུན་མཐུན་སྒྲིལ་དང་། མི་རིགས་ཁག་གི་མི་དམངས་དབར་ཕན་ཚུན་ཤེས་རྟོགས། ཕན་ཚུན་བརྩི་འཇོག ཕན་ཚུན་བསྟུན་མཁས། ཕན་ཚུན་མྱོང་རོལ། ཕན་ཚུན་སློབ་སྦྱོང་། ཕན་ཚུན་རོགས་རམ་བཅས་བྱས་ན། བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་གཞི་ནས་འགན་ལེན་བརྟན་པོ་ཡོང་བ་ར་འཕྲོད་ཐུབ་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པ་ནི་མི་རིགས་ཁག་གི་ཁེ་ཕན་ཆེ་ཤོས་སུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་ཁག་གི་མི་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གང་ཐུབ་ཅི་ཐུབ་ཀྱིས་གཅིག་ཏུ་བསྡུས་ཏེ། བློ་གཅིག་སེམས་གཅིག་ངང‘ལོ་བརྒྱ་གཉིས’ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད་འབད་འཐབ་བྱེད་དགོས”ཞེས་བླང་བྱ་ཁ་གསལ་བཏོན་ནས་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཤུགས་ཆེ་རུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་དབྱར་མཚོ་རྒྱས་པ་བཞིན་གོང་ནས་གོང་དུ་འཕེལ་བའི་དུས་རབས་གསར་པ་ཞིག་གཏོད་འགོ་ཚུགས་ཡོད། ལྷག་པར་དུ་མཐའ་མཚམས་མི་རིགས་ས་ཁུལ་ཞིག་ཡིན་པའི་བོད་ལ་དམིགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གནང་ནས་བོད་དུ་ཕེབས་སྐབས། “བོད་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་ཞིག་ཏུ་སྐྲུན་དགོས”ཞེས་བཏོན་གནང་བ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། “མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་རེད”ཅེས་བསྟན་གནང་བ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་ནི་སྔར་ལས་ལྷག་པའི་སྒོ་ནས་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་གྱི་ནང་དོན་གལ་ཆེན་ལ་བརྩིས་ཏེ། ངེས་པར་དུ་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་ཡང་དག་བསྟར་དགོས་པ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་དགོས་པ། རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་མི་རིགས་ཁག་གི་མི་དམངས་ཀྱི་མོས་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་མ་ཟད། “བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་ས་ངེས་པར་དུ་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པར་འཇོག་དགོས”པའི་གསལ་སྟོན་ཐེངས་དང་པོ་གནང་ཡོད། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་མཚམས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”པའི་མཛུབ་སྟོན་གལ་ཆེན་སླར་ཡང་གནང་བ་ལས་བོད་ཀྱི་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ལ་མཐོང་ཆེན་པོ་གནང་བ་དང་རེ་བ་ཟབ་མོ་བཅོལ་བ་གང་ལེགས་མཚོན་གྱི་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་གནས་བབ་གལ་ཆེན་ཐོག་བཞག་པ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ། མི་རིགས་ཁག་སེའུ་འབྲུའི་འབྲུ་གུ་བཞིན་ཕན་ཚུན་དམ་པོར་སྦྲེལ་བ་དང་སྤགས་གོང་བཞིན་མཐུན་སྒྲིལ་རྡོ་རྩ་གཅིག་སྒྲིལ་བྱེད་པའི་སྐུལ་མ་བཏང་བ། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་བོད་ལྗོངས་ས་མཐོར་ཡུན་ནས་ཡུན་དུ་བཞད་པར་བྱས་པ་བཅས་ལས་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་ཁག་གཅིག་འབུར་དུ་ཐོན་པ་དང་མི་རིགས་ཁག་གི་མི་དམངས་ཞི་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་བྱུང་ཡོད།

    འོན་ཏེ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་འགོག་རྐྱེན་བཟོ་བ་དང་གཏོར་བཤིག་གཏོང་བ་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་མཐུན་སྒྲིལ་ལ་ཤུགས་རྐྱེན་ཐེབས་རྐྱེན་གཙོ་བོ་ཞིག་རེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ངོ་ལོག་བྲོས་བྱོལ་དུ་སོང་རྗེས་ལོ་རྒྱུས་དང་དོན་དངོས་ལ་མི་བལྟོས་པར“བོད་རང་བཙན”ཟེར་བ་ཡོངས་བསྒྲགས་སུ་འུད་སྒྲོག་དང་གང་སར་ཁ་ཕྲལ་གྱི་གཏམ་འཆལ་བཀྲམ་ནས་མེས་རྒྱལ་ཁ་ཕྲལ་དུ་གཏོང་བའི་བྱེད་སྤྱོད་ནུས་ཤུགས་ཡོད་རྒུས་སྤེལ་གྱི་ཡོད། ཁོ་པས་ད་དུང་དུས་ཚོད་དམ་འཛིན་གྱིས་བོད་ཀྱི་ས་ཁོངས་སུ་སིམ་འཛུལ་བྱས་ཏེ་ཟིང་ཆ་བསླངས་པ་དང་འཇིགས་གཏུམ་གྱི་བྱེད་སྤྱོད་སྤེལ་བ་སྟེ། 1987ལོ་ནས་1989ལོ་བར་ངན་ཇུས་བཤམས་ནས་ལྷ་སར་ཟིང་ཆ་ཐེངས་མང་བསླངས་པ་དང་། 2008ལོར་ལྷ་སའི“3·14”རྡུང་གཅོག་འཕྲོག་སྲེག་གི་གཏུམ་སྤྱོད་དོན་རྐྱེན་སླར་ཡང་བཟོས་པ། མི་རིགས་དགྲར་འཛིན་དང་ཁ་ཕྲལ་བྱེད་སྤྱོད་སྤེལ་རྒྱུའི་ངན་སྐུལ་ཤུགས་ཆེན་བྱས་པ་སོགས་ལས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ལོག་སྤྱོད་ཀྱི་ངོ་བོ་དེ་བས་ངོས་འཛིན་གསལ་པོ་ཐུབ་ཡོད། བོད་དུ་མི་རིགས་ཁག་གི་མི་དམངས་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་གཙོས་པའི་ཁ་ཕྲལ་ཕྱོགས་གཏོགས་དབར་དམིགས་བསལ་འགལ་ཟླ་གནས་པའི་རྐྱེན་གྱིས་མི་རིགས་མཐུན་སྒྲིལ་ནི་བོད་དུ་དམིགས་བསལ་གྱི་གལ་ཆེའི་རང་བཞིན་ལྡན་པ་ཞིག་ཏུ་གྱུར་ཡོད། ང་ཚོས་མི་རིགས་ཁག་གི་མཐུན་སྒྲིལ་ཆེ་མོར་སྐུལ་འདེད་གཏོང་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོའི་ཁེ་ཕན་ཆེ་ཤོས་ཡིན་ཞིང་། སྤྱི་ཚོགས་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་ཁག་གི་མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་བདེ་སྐྱིད་ཀྱི་འབྱུང་རྩ་ཡིན་པར་ངོས་འཛིན་གང་ལེགས་ཐུབ་པར་བྱེད་དགོས། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཆབ་སྲིད་ཐད་ཀྱི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐད་ཀྱི་གཡོ་རྫུས་རང་བཞིན། བྱེད་ཐབས་ཐད་ཀྱི་མགོ་སྐོར་རང་བཞིན་བཅས་ལ་ཐེར་འདོན་དགག་རྒྱག་གཏིང་ཟབ་དང་། ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་སྣ་ཚོགས་མཐའ་གཅིག་ཏུ་བཀག་འགོག མི་རིགས་མཐུན་སྒྲིལ་ལ་གནོད་པའི་གཏམ་སྤྱོད་མཐའ་དག་ལ་མཐའ་གཅིག་ཏུ་ངོ་རྒོལ། མི་རིགས་ཁག་གི་མཐུན་སྒྲིལ་ཆེ་མོའི་གསོན་ཉམས་དོད་པའི་རྣམ་པར་སྔར་བས་གཅེས་འཛིན་དང་གཅེས་སྐྱོང་། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེ་མོར་ཕན་ཚུན་འཆམ་མཐུན་དང་ལྟ་རེས་སྲུང་རེས། མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གཅིག་གྱུར་ལ་ཐུན་མོང་ཐོག་སྲུང་སྐྱོང་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མཉམ་དུ་སྒྲུབ་དགོས།

    གཉིས། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་བོད་དུ་མངོན་འགྱུར་བྱེད་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།

    བོད་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡིན་ཞིང་། བོད་ཀྱི་སྣོད་བཅུད་འཐབ་ཇུས་ཀྱི་གནས་བབ་ཧ་ཅང་གལ་འགངས་ཆེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ཐུགས་ལ་དགོངས་ནས་གནད་ལ་འཕིགས་པའི་རྒྱས་བཤད་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བོད་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་ལ། སྣོད་བཅུད་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཀྱང་ཡིན་པས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས”ཞེས་བསྟན་གནང་བ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མཚོ་བོད་ས་མཐོ་ནི‘འཛམ་གླིང་གི་ཡང་རྩེ’དང་། ‘ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག’‘སའི་གོ་ལའི་སྣེ་གསུམ་པ’བཅས་ཡིན་པས་མཚོ་བོད་ས་མཐོའི་སྣོད་བཅུད་ལ་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་འབུལ་བའི་ལེགས་སྐྱེས་ཆེ་ཤོས་རེད”ཅེས་དང“སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་པ་མཐའ་འཁྱོངས་བྱེད་པ་ལས་དཔལ་འབྱོར་འཕེལ་རྒྱས་གཏོང་ཆེད་སྣོད་བཅུད་ཁོར་ཡུག་བློས་གཏོང་གཏན་ནས་བྱེད་མི་རུང”ཞེས་ནན་བཤད་གནང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་རུ་ཁག་ལ་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་ནང“འཛམ་གླིང་གི་དག་ཞིང་མཐའ་མ་སྲུང་སྐྱོང་ཡག་པོ་དང་མཛེས་སྡུག་ལྡན་པའི་མཚོ་བོད་ས་མཐོ་སྐྲུན་ཆེད་ལེགས་སྐྱེས་གསར་པ་ཕུལ་ཏེ་མཚོ་བོད་ས་མཐོའི་མི་རིགས་ཁག་གི་མང་ཚོགས་སྔར་བས་བདེ་སྐྱིད་ཁམས་བདེའི་འཚོ་བ་སྐྱེལ་རྒྱུ་ཡོང་བ་བྱེད་དགོས”ཞེས་བསྟན་གནང་ཡོད། མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་འདི་དག་གིས་བོད་ཀྱི་སྣོད་བཅུད་འཐབ་ཇུས་ཀྱི་གནས་བབ་སྔར་ན་བྱུང་མྱོང་མེད་པའི་མཐོ་ཚད་དུ་བཞག་པ་དང་། རྒྱལ་ཡོངས་ཀྱི་སྣོད་བཅུད་བདེ་འཇགས་ལ་དོན་སྙིང་གལ་ཆེན་ལྡན་ལུགས་གསལ་སྟོན་གཏིང་ཟབ་གནང་བ། བོད་ཀྱི་ཡུན་རིང་འཕེལ་རྒྱས་དང་། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བཅས་ལ་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་ཡང་མཁོ་འདོན་གནང་ཡོད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཐོག་མཐའ་བར་གསུམ་དུ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པ་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་གནས་བབ་གལ་ཆེན་ཐོག་བཞག་པ་དང། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་པ། བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས་བོད་ཀྱི་སྣོད་བཅུད་ཁོར་ཡུག་མུ་མཐུད་ཡག་པོ་བྱུང་ཡོད། བོད་ནི་སྔར་བཞིན་འཛམ་གླིང་གི་ཁོར་ཡུག་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པར་བརྟེན“འཛམ་གླིང་གི་དག་ཞིང་མཐའ་མ”ཞེས་སུ་གྲགས། ཡིན་ནའང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་དོན་དངོས་ལ་མི་ལྟོས་པར་ང་ཚོར“བོད་ཀྱི་སྣོད་བཅུད་ཁོར་ཡུག་ལ་གཏོར་སྐྱོན་གཏོང་གི་འདུག”ཅེས་པ་ལ་སོགས་པའི་དཀྲོག་གཏམ་ནུས་ཤུགས་ཡོད་རྒུ་རྩལ་སྤྲུགས་ཀྱིས་བཟོས་ནས་འཇིག་རྟེན་པར་མགོ་སྐོར་བཏང་བ་དང་། རྒྱལ་སྤྱིའི་ཐོག་དཀར་ནག་ཕྱིན་ཅི་བསློགས་ནས་གླེང་ཕྱོགས་ཀྱི་དོ་ཁུར་བྱ་ཡུལ་བཟོས་པ། བོད་ཀྱི་འཕེལ་རྒྱས་ཡར་ཐོན་ལ་འགོག་རྐྱེན་བཟོས་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་ཀྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་མེས་རྒྱལ་ཁ་ཕྲལ་གཏོང་བའི་ལོག་སྤྱོད་ཀྱི་ངོ་བོར་ངོས་འཛིན་གསལ་པོ་ཐུབ་པར་བྱེད་དགོས་པ་དང་། དོན་དངོས་ལ་བརྟེན་ནས་ཁོ་པའི་རྫུན་རྐུབ་རྟོལ་བ་དང་ཁོ་པའི་སྤྱོད་ངན་དམར་རྗེན་དུ་འདོན་དགོས། ཐོན་སྐྱེད་གོང་འཕེལ་དང་། འཚོ་བ་འབྱོར་ཕྱུག སྣོད་བཅུད་བཟང་བ་བཅས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ལམ་དུ་བློ་བརྟན་འགྱུར་མེད་ངང་སྐྱོད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།