[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་ཆབ་སྲིད་གྲོས་ཆོད།

    (2018ལོའི་ཟླ་1ཚེས29ཉིན་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་ཐོག་གྲོས་འཆམ་བྱུང་བ)

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-30

    ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་2018ལོའི་ཟླ་1ཚེས་23ནས་29ཉིན་བར་ལྷ་སར་སྐོང་འཚོགས་བྱས་པ་རེད།

    ཚོགས་འདུའི་རིང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་སོགས་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་དམག་གི་དབུ་ཁྲིད་ཚོགས་འདུར་ཕེབས་པ་མ་ཟད་གྲོས་བསྡུར་ལ་ཞུགས་ནས་ཨུ་ཡོན་རྣམས་དང་ལྷན་དུ་རྒྱལ་ཁབ་ཀྱི་དོན་ཆེན་ལ་གྲོས་མོལ་གནང་བ་རེད། ཀྲུང་དབྱང་རྩ་འཛུགས་པུའི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཁྲའེ་ཕིང་ཝུའུ་དང་བཅས་པ་ཚོགས་ཆེན་ལ་ཕེབས་ནས་ཞིབ་ཕྲའི་མཛུབ་ཁྲིད་གནང་བ་དང་། ཚོགས་འདུའི་ཐོག་ཀྲུའུ་ཞི་སྐུ་གཞོན་བསྟན་ཁོ་ཡིས་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་གནང་བའི་ལས་དོན་སྙན་སྒྲོན་དང་། ཀྲུའུ་ཞི་སྐུ་གཞོན་ཀའོ་དབྱང་གིས་གནང་བའི་གྲོས་གཞིའི་ལས་ཀའི་གནས་ཚུལ་སྐོར་གྱི་སྙན་སྒྲོན་ཉན་པ་དང་འབྲེལ་གྲོས་འཆམ་བྱས་པ་དང་། སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྙན་སྒྲོན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱས་པ། སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་། ཀྲུའུ་ཞི་གཞོན་པ། དྲུང་ཆེ། རྒྱུན་ལས་ཨུ་ཡོན་བཅས་བདམས་ཐོན་བྱུང་བ་རེད། ཚོགས་ཞུགས་ཨུ་ཡོན་རྣམ་པས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོར་ཟུར་ཞུགས་གནང་ནས་ཀྲུའུ་ཞི་ཆེ་དགྲ་ལྷས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཉན་པ་དང་དེར་གྲོས་བསྡུར་བྱས་པ་མ་ཟད་མོས་མཐུན་ཡང་བྱས་པ་དང་། འཆར་གཞི་དང་ནོར་སྲིད་སྔོན་རྩིས་ཀྱི་སྙན་སྒྲོན། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན། ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་བཅས་ལ་གྲོས་བསྡུར་དང་མོས་མཐུན་བྱས་པ་རེད། ཚོགས་འདུ་ནི་དྭངས་གཙང་བབ་ཆགས་དང་། དམ་པ་དོན་གཉེར། ལས་ཆོད་ཆེན་པོ། འབྲས་བུ་གཡུར་དུ་ཟ་བ་བཅས་བྱུང་བ་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་སེམས་ལ་བརྟན་པོར་བཅངས་བ་དང་། སྔ་འཛིན་ཕྱི་གཏོད། མཐུན་སྒྲིལ་འབད་འཐབ་ཀྱི་ཚོགས་ཆེན་ཞིག་དང་། དར་ཆ་མཐོར་བསྒྲེངས་དང་། སེམས་ནུས་གཅིག་སྒྲིལ། དོན་ཆེན་མཉམ་གྲོས། བརྗིད་ཆེའི་འཆར་འགོད་བཅས་ཀྱི་ཚོགས་ཆེན་ཞིག་ཡིན་པ་མ་ཟད། དུས་རབས་གསར་པ་དང་ལེན་དང་། བསམ་བློ་གསར་པ་ཉམས་ལེན། བྱེད་ནུས་གསར་པ་མངོན་པ། རྒྱང་སྐྱོད་གསར་པ་འགོ་འཛུགས་བཅས་ཀྱི་ཚོགས་ཆེན་ཞིག་ཀྱང་རེད།

    ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ལོ་ལྔའི་རིང་དང་ཡང་སྒོས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་པ་ནས་བཟུང་། བོད་ཀྱི་བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཅིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་གནང་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ་དང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་ཀྱིས་མཛུབ་ཁྲིད་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས”པའི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང་། “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”པའི་མཛུབ་སྟོན་གལ་ཆེན། དེ་བཞིན་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་གནང་བའི་འཕྲིན་ལན་གྱི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཐོག “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་དང“ཕྱོགས་ཡོངས་བཞིའི” འཐབ་ཇུས་བཀོད་ཇུས་རྒྱུན་འཁྱོངས་དང་། ཏང་གི་བོད་སྐྱོང་མཛད་ཇུས་དང་། ཁྲིམས་ལྟར་བོད་སྐྱོང་། དམངས་ཕྱུག་བོད་དར། ཡུན་རིང་བོད་བསྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་གལ་ཆེའི་རྩ་དོན་རྒྱུན་འཁྱོངས། འཕེལ་རྒྱས་དང་། བརྟན་ལྷིང་། འབྱུང་ཁམས་བཅས་ཀྱི་དོན་ཆེན་གསུམ་ལ་དམ་པོར་དམིགས་པ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ་ནམ་ཡང་འབད་འཐབ་བཅས་བྱས་པར་བརྟེན། ལས་དོན་ཁག་གོང་འཕེལ་གསར་པ་ཡོང་བར་སྐུལ་འདེད་བྱུང་ཡོད། སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས། རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་ཞིབ་ཚགས་དང་ལྗོངས་ཏང་ཨུད་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་དང་། ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་སྣེ་ཁྲིད་འོག རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་བ་དང་། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་གཞི་ཆེན་པོ་གཉིས་ལ་དམིགས་ནས། སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོའི་འཛུགས་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། འགན་འཁྲི་འཁུར་ཕོད་པ་དང་ལག་ལེན་གསར་གཏོད་ཀྱིས། རང་ལྗོངས་ཀྱི་སྲིད་གྲོས་བྱ་གཞག་གི་རྣམ་པ་གསར་པ་ཞིག་བཏོད་ནས། བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ཕན་སྐུལ་བྱེད་ཕྱིར་ལེགས་སྐྱེས་གསར་པ་ཕུལ་ཡོད། བོད་ལྗོངས་ཀྱི་ལོ་ལྔའི་རིང་གི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་ཨུ་ཡོན་རྣམས་ལ་གཟི་བརྗིད་དང་སྤོབས་པ་ཚད་མེད་སྐྱེས་པ་དང་། ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པར་རྒྱལ་ཁ་ཐོབ་ངེས་པའི་ཡིད་ཆེས་དང་ཆོད་སེམས་ཀྱིས་ཁེངས་ཡོད།

    ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འདི་ཉིད་དུས་རབས་གསར་པར་སླེབས་པའི་འགག་རྩའི་དུས་སྐབས་སུ་སྐོང་འཚོགས་གནང་བའི་ཚོགས་འདུ་ཧ་ཅང་གལ་ཆེན་ཞིག་རེད། ཚོགས་ཆེན་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལོ་རྒྱུས་ཀྱི་གནས་བབ་གཏན་ལ་ཕབ་པ་དང་། འདས་ཟིན་པའི་ལོ་ལྔའི་རིང་གི་ཏང་དང་རྒྱལ་ཁབ་ཀྱི་ཕྱོགས་ཡོངས་དང་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་དང་གདིང་རྩ་དང་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་ལ་ཕྱོགས་སྡོམ་གནང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འདི་ཉིད་དུས་རབས་གསར་པར་སླེབས་པ་དང་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དེ་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་འཕེལ་རྒྱས་བར་གྱི་འགལ་བར་འགྱུར་བ་བྱུང་བ་སོགས་གལ་འགངས་ཆེ་བའི་ཆབ་སྲིད་ཀྱི་ཆོད་གཏམ་འཇོག་གནང་མཛད་པ། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་འགན་འཁྲི་རྒྱས་བཤད་གཏིང་ཟབ་གནང་བ། དུས་རབས་གསར་པའི་ནང་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་མཛད་ཇུས་བཏོན་གནང་བ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་འགོ་ཚུགས་པའི་རྒྱང་སྐྱོད་གསར་པའི་དམིགས་ཚད་གཏན་ལ་ཕབ་པ་བཅས་བྱས་ནས། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་རྒྱལ་ཁ་རླབས་པོ་ཆེ་ཐོབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་སྟོན་པ་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག《རྩ་ཁྲིམས་ཀྱི་ནང་དོན་འགའ་ཞིག་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོར》གྲོས་ཞིབ་དང་གྲོས་འཆམ་གནང་ཞིང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་ལ་ཕབ་པའི་གལ་འགངས་ཆེ་བའི་རིགས་པའི་གཞུང་ལུགས་ཀྱི་ལྟ་ཚུལ་དང་མཛད་ཕྱོགས་སྲིད་ཇུས་གལ་ཆེན་རྣམས་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ལུགས་ནང་བཙུད་པ་དེས་ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཚགས་བྱས་པ་གང་ལེགས་མཚོན་ཡོད་ལ། དུས་རབས་གསར་པའི་ནང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བར་རྩ་ཁྲིམས་ཀྱི་འགན་སྲུང་ནུས་ལྡན་ཞིག་མཁོ་འདོན་བྱས་ཡོད། ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཁོངས་ཞུགས་ཚན་པ་ཁག རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས《ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་ནན་ཏན་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། བློ་རྩ་བརྟན་ལ་རང་རྟོགས་ངང་སྦྱངས་ནས་ཤེས་པ་དང་། ཁོང་དུ་ཆུད་པ། ལག་ལེན་ཐོག་འཁྱོལ་བར་བྱེད་པ་བཅས་ཀྱི་ཐད་ཤུགས་རྒྱག་པ། དགོངས་པའི་སྙིང་བཅུད་དང་ལྟེ་བའི་བརྗོད་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས་ཁོང་དུ་ཆུད་པར་བྱེད་པ། “འདུ་ཤེས་བཞི”བརྟན་པོར་འཛུགས་པ་དང“གདེང་ཚོད་བཞི”བརྟན་དུ་གཏོང་བ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་ཞུ་བ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་པ། ཐོག་མཐའ་བར་གསུམ་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དེ་ལས་དོན་ལེགས་པར་སྒྲུབ་པའི་སྟོབས་དང་ལྡན་པའི་བསམ་བློའི་མཚོན་ཆར་བརྩི་བ་བཅས་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་རྣམས་བོད་ཀྱི་སྲིད་གྲོས་ལས་ཀའི་ཁྲོད་དོན་ཐོག་ཏུ་འཁྱོལ་བ་དང་ནུས་པ་ཐོན་པ་བྱེད་དགོས།

    ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་གྱིས། དུས་རབས་གསར་པའི་ནང་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ་ནམ་ཡང་འབད་འཐབ་བྱེད་པའི་བོད་ཀྱི་རྒྱང་སྐྱོད་གསར་པ་འགོ་བརྩམས་པ་རེད། ཚོགས་འདུའི་ཐོག《ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་ཤིག་གང་མགྱོགས་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་བསམ་འཆར》ལ་གྲོས་ཞིབ་དང་གྲོས་འཆམ་གནང་བ་དང་། རང་ལྗོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་ཤིག་གང་མགྱོགས་འཛུགས་སྐྲུན་བྱེད་པའི་ལས་དོན་ཁག་ལ་བཀོད་སྒྲིག་ཞིབ་ཚགས་གནང་ཡོད། བོད་ཀྱི་དམིགས་བསལ་གྱི་གནས་ཚུལ་དང་དེ་བཞིན་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གཞིར་བཟུང་། རང་ལྗོངས་ཀྱི་མདུན་དུ་ཉིན་བཞིན་ཆེ་རུ་འགྲོ་བཞིན་པའི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་བར་གྱི་འགལ་བ་གཙོ་བོ་དང་དུས་མཚུངས་བོད་ཀྱི་མི་རིགས་ཁག་གི་མི་དམངས་དང་ཏཱ་ལའི་རུ་ཚོགས་ཀྱིས་ཚབ་བྱས་པའི་ཁ་ཕྲལ་གྱི་སྟོབས་ཤུགས་བར་གྱི་དམིགས་བསལ་གྱི་འགལ་བ་གནས་ཡོད་པ་གཏིང་ཟབ་བསྟན་ཡོད་ཅིང་། ང་ཚོས་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་བ་བྱུང་བ་དང་འབྲེལ་བ་དམ་ཟབ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་དང་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་ཆབས་ཅིག ད་དུང་ངེས་པར་དུ་རང་ལྗོངས་ཀྱི་སྤྱི་ཚོགས་ཀྱི་དམིགས་བསལ་འགལ་བ་ཁོང་དུ་བརྟན་པོར་ཆུད་པ་བྱས་ནས། རྒྱལ་ཁབ་ཀྱི་སྤྱིའི་བདེ་འཇགས་ཀྱི་ལྟ་བ་མཐའ་འཁྱོངས་དང་། ཏཱ་ལའི་རུ་ཚོགས་ལ་འཐབ་རྩོད་བྱེད་པའི་སྐོར་གྱི་ཀྲུང་དབྱང་གི་མཛད་ཕྱོགས་མཐའ་འཁྱོངས། ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ཀྱི་ངོ་བོར་ཐེར་འདོན་དང་དགག་རྒྱག་གཏིང་ཟབ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་རང་རྟོགས་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་འབྱེད་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་དམ་པོར་འཛིན་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་དེ་དག་ནི་ཀྲུང་དབྱང་གི་བླང་བྱ་དང་མཐུན་ལ་བོད་ཀྱི་དོན་དངོས་དང་འཚམ་པ་ཞིག་ཡིན། ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཁོངས་ཞུགས་ཚན་པ་ཁག རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས་ངེས་པར་དུ་སློབ་སྦྱོང་ནན་ཏན་བྱེད་པ་དང་། གོ་བ་གཏིང་ཟབ་ལེན་པ། ཁྱོན་ཡོངས་ནས་ཁོང་དུ་ཆུད་པ། དོན་འཁྱོལ་ལ་དམ་འཛིན་བྱེད་པ་བཅས་བྱས་ཏེ། བསམ་བློ་དང་བྱ་སྤྱོད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པས་གཏན་འབེབས་བྱས་པའི་དམིགས་ཚད་དང་ལས་འགན་ཐོག་གཅིག་གྱུར་དང་། ལྗོངས་ཏང་ཨུད་ཀྱི་གལ་ཆེའི་བརྡར་ཤ་གཅོད་རྒྱུ་དང་ཞིབ་ཕྲའི་བཀོད་སྒྲིག་ཐོག་གཅིག་གྱུར། སྲིད་གྲོས་ཀྱི་ངོ་བོ་དང་། ངེས་གནས། འགན་འཁྲི། ལས་འགན་ཐོག་གཅིག་གྱུར་བཅས་ཏན་ཏིག་ཡོང་བ་བྱས་ཐོག ཏང་གི་འགོ་ཁྲིད་དེ་ཆེས་མཐོའི་ཆབ་སྲིད་ཀྱི་རྩ་དོན་ཞིག་ལ་བརྩི་བ་དང་། ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་དེ་འགན་ནུས་སྒྲུབ་པའི་ཆབ་སྲིད་ཀྱི་འགན་འཁྲི་ཨང་དང་པོར་བརྩི་བ། སྒྱུར་བཅོས་དང་འཕེལ་རྒྱས་ལ་ཕན་སྐུལ་བྱ་རྒྱུ་དེ་འགན་ནུས་སྒྲུབ་པའི་ལས་འགན་ཨང་དང་པོར་བརྩི་བ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་ཕན་སྐུལ་བྱ་རྒྱུ་དེ་འགན་ནུས་སྒྲུབ་པའི་གཟི་བརྗིད་ལྡན་པའི་འགན་འཁྲི་ཞིག་ལ་བརྩི་བ། མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་རེ་འདོད་དེ་འགན་ནུས་སྒྲུབ་པའི་དམིགས་ཚད་ལ་བརྩི་བ། ཏང་གིས་ཁྱོན་ཡོངས་ལ་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་དེ་འགན་ནུས་སྒྲུབ་པའི་རྩ་བའི་འགན་ལེན་ལ་བརྩི་བ་བཅས་བྱས་ནས། སྲིད་གྲོས་ཏང་ཙུའི་འགོ་ཁྲིད་འོག་ནམ་ཡང་ཉམས་པ་མེད་པའི་བསམ་པའི་ཉམས་འགྱུར་དང་གསར་གཏོད་དང་འཕེལ་རྒྱས་ཀྱི་འབད་འཐབ་རྣམ་པར་བརྟེན་ནས། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་ཞུ་དང་། ཁ་ཕྲལ་ལ་ངོ་རྒོལ་དང་མཐུན་སྒྲིལ་ལ་སྲུང་སྐྱོང་། ལག་ལེན་གསར་གཏོད་དང་ལས་དོན་སྒྲུབ་ཕོད་པ་བྱས་ཐོག་འབད་བརྩོན་ཆེན་པོས་བོད་ལྗོངས་སྲིད་གྲོས་བྱ་གཞག་གི་རྣམ་པ་གསར་པ་ཞིག་གཏོད་དགོས།

    ཚོགས་འདུའི་ཐོག་བསྟན་དོན། སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོའི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྤྱིའི་བཀོད་སྒྲིག་དང་སྲིད་གྲོས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ནི། སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལམ་རྟགས་གསར་པ་ཞིག་ཡིན་ཞིང་། དུས་རབས་གསར་པར་བསྐྱོད་པ་དང་རྒྱང་སྐྱོད་གསར་པ་འགོ་ཚུགས་པའི་གལ་ཆེའི་ལོ་རྒྱུས་ཀྱི་སྦྲེལ་ཚིགས་ཐོག་ཏང་ཀྲུང་དབྱང་གིས་སྲིད་གྲོས་ལས་དོན་ལ་བཏོན་པའི་བླང་བྱ་གསར་པ་ཞིག་ཡིན་ལ། ཏང་ཀྲུང་དབྱང་གིས་སྲིད་གྲོས་འཐབ་ཕྱོགས་སུ་གནང་བའི་རེ་བ་གསར་པ་ཞིག་ཡིན་པ་མ་ཟད། བོད་ལྗོངས་སྲིད་གྲོས་ལས་དོན་ལ་སྐུལ་འདེད་གཏོང་བའི་འགན་ནུས་སྒྲུབ་པའི་ཕྱོགས་སྟོན་དང“སྤྱིའི་ལས་སྒྲུབ་ཀྱི་དཔེ་རིས”ཤིག་ཀྱང་ཡིན། ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཁོངས་ཞུགས་ཚན་པ་ཁག རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས་སྲིད་གྲོས་ཀྱི་ངོ་བོ་དང་གནས་བབ་ཁོང་དུ་ཡང་དག་པར་ཆུད་པ་བྱས་ནས། ལག་ལེན་གྱི་ཁྲོད་ནས་ཉམས་མྱོང་ཕྱོགས་བསྡོམས་དང་། བསམ་གཞི་གསལ་པོ། སྒུལ་ཤུགས་ཐོབ་པ་བཅས་བྱེད་དགོས་ཤིང་། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་དེ་སྲིད་གྲོས་བྱ་གཞག་འཕེལ་རྒྱས་ཀྱི་རྩ་བའི་འགན་ལེན་ལ་བརྩི་བ་དང་། སྲིད་གྲོས་ཀྱི་ངོ་བོ་དང་གནས་བབ་རྒྱུན་འཁྱོངས་བྱ་རྒྱུ་དེ་སྲིད་གྲོས་ཀྱི་ལས་དོན་ལེགས་པོ་སྒྲུབ་པའི་གལ་ཆེའི་རྨང་རྡོར་བརྩི་བ། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་རྒྱུན་འཁྱོངས་ཞུ་རྒྱུ་དེ་སྲིད་གྲོས་ཀྱི་འགན་ནུས་སྒྲུབ་པའི་གལ་ཆེའི་རྩ་དོན་ལ་བརྩི་བ། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་རྒྱུན་འཁྱོངས་བྱ་རྒྱུ་དེ་སྲིད་གྲོས་ལས་ཀའི་གལ་ཆེའི་ཁྱད་རྟགས་ལ་བརྩི་བ། ཁྲིམས་ལུགས་དང་སྒྲིག་ཡིག་ལྟར་འགན་ནུས་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་དེ་སྲིད་གྲོས་ལས་ཀའི་གལ་ཆེའི་བསྲུང་བྱར་བརྩི་བ།རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་དེ་སྲིད་གྲོས་ཀྱི་རྨང་གཞི་བརྟན་གཏོང་གི་ལས་གཞིར་བརྩི་བ་བཅས་བྱེད་པ་དང་། གྲོས་མོལ་དམངས་གཙོ་དེ་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་གི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ཅིར་ཁྱབ་པ་བྱས་ནས། ཐུན་མོང་ཐོག་དུས་རབས་གསར་པའི་བོད་ཀྱི་སྲིད་གྲོས་ཀྱི་བྱ་གཞག་དེ་ཉིད་འོད་སྟོང་འབར་བ་ཞིག་ཏུ་གཏོད་དགོས། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམིགས་ནས། སྲིད་གྲོས་ཀྱི་ཨུ་ཡོན་ཚང་འཛོམས་ཚོགས་འདུས་སྣེ་འདྲེན་བྱེད་པ་དང་། ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་དང་། ཆེད་དོན་གྲོས་མོལ་ཚོགས་འདུ། གྲོས་མོལ་བཞུགས་མོལ་ཚོགས་འདུས་གཙོ་གནད་བྱེད་པ། ག་སྦྱར་གྲོས་མོལ་དང་། རིགས་ཁོངས་གྲོས་མོལ། གྲོས་སྒྲུབ་གྲོས་མོལ། དེ་མིན་གྱི་གྲོས་མོལ་གྱིས་རྒྱུན་རྣམ་དུ་བྱེད་པ་བཅས་ཀྱི་གྲོས་མོལ་སྲིད་གླེང་གི་གནས་སྟངས་ཆ་ཚང་པོ་ཞིག་ཡོང་བ་བྱེད་དགོས། སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོའི་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོས་མོལ་གྱི་ནང་དོན་དང་གོ་རིམ་ཚད་ལྡན་དུ་གཏོང་བ། གྲོས་མོལ་དམངས་གཙོ་དེ་ཉིད་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་ལ་ཤུགས་སྣོན་གྱིས། ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་ཚུལ་ལ་གཙོ་བོར་དམིགས་ནས་ལྟ་སྐུལ་བྱེད་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། བློ་སེམས་གཅིག་མཐུན་དང་ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་དང་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདུན་མངོན་འགྱུར་ཡོང་བར་བྱེད་པའི་བོད་ལྗོངས་ཀྱི་ལེའུ་བརྩམ་རྒྱུ་དེ་ནི། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཆབ་སྲིད་ཀྱི་འགན་འཁྲི་འགངས་ཆེན་ཞིག་ཡིན་ལ། བོད་ ལྗོངས་སྲིད་གྲོས་ཀྱི་གཟི་བརྗིད་ལྡན་པའི་འགན་འཁྲི་ཞིག་ཀྱང་ཡིན། སླད་ཕྱིན་གྱི་ལོ་ལྔའི་ནང་། སྐབས་གསར་པའི་སྲིད་གྲོས་ཀྱིས་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། བློ་བརྟན་འགྱུར་མེད་དང་རང་རྟོགས་ངང་དུས་རབས་དང་མི་དམངས་ཀྱིས་དཀྲིས་པའི་འགན་འཁྲི་ཕྲག་ཏུ་འཁུར་བ། ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་སེམས་ནུས་གཅིག་སྒྲིལ་དང་ཐུན་མོང་ཐོག་རླབས་ཆེན་བྱ་གཞག་གཏོད་དགོས། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་མུ་མཐུད་ལག་བསྟར་དོན་འཁྱོལ་གཏིང་ཟབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་གལ་ཆེའི་འཐབ་ཇུས་ཀྱི་དགོངས་པ་དང་། “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་དགོས་པའི”མཛུབ་ཁྲིད་གལ་ཆེན། དེ་བཞིན་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་གནང་བའི་འཕྲིན་ལན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ། སྲིད་གྲོས་ལས་དོན་སྐོར་ལ་གནང་བའི་སྤྱི་ཁྱབ་ཧྲུའུ་ཅིའི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བཅས་བྱས་ནས། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་རྒྱུན་འཁྱོངས་དང་། ཏང་གི་བོད་སྐྱོང་མཛད་ཇུས་དང་། ཁྲིམས་ལྟར་བོད་སྐྱོང་། དམངས་ཕྱུག་བོད་དར། ཡུན་རིང་བོད་བསྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་གི་གལ་ཆེའི་རྩ་དོན་རྒྱུན་འཁྱོངས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ནས། རྩ་ཁྲིམས་གོང་བཀུར་དང་། རྩ་ཁྲིམས་སློབ་སྦྱོང་། རྩ་ཁྲིམས་ལ་སྲུང་བརྩི། རྩ་ཁྲིམས་ལ་སྲུང་སྐྱོང་། རྩ་ཁྲིམས་བེད་སྤྱོད་བཅས་བྱེད་པ་དང་། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་གཞིར་དམིགས་པ་དང་། ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་བ། འཕེལ་རྒྱས་དང་། བརྟན་ལྷིང་། འབྱུང་ཁམས་བཅས་ཀྱི་དོན་ཆེན་གསུམ་དམ་འཛིན་ལེགས་པོ་བྱ་རྒྱུར་རམ་འདེགས། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བཅས་བྱས་ནས། ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་གི་འགན་ནུས་ནན་ཏན་བསྒྲུབས་ཐོག སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་དང་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས། བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏིང་ཕྱིར་ལེགས་སྐྱེས་གསར་པ་འབུལ་དགོས།

    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་སུ་ཞུགས་པའི་ཚན་པ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དམ་པོར་འཛིན་པ་དང་། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། ཏང་གིས་སྲིད་གྲོས་ལས་དོན་ལ་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། སྲིད་གྲོས་ཏང་ཙུའུ་ཡིས་ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་ལ་དོ་དམ། དོན་འཁྱོལ་འགན་སྲུང་བྱེད་པའི་འགོ་ཁྲིད་སྲོག་ཤིང་གི་ནུས་པར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་ཐབས་ཇུས་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་རྣམས་སྲིད་གྲོས་ཀྱི་ལས་དོན་ཁྲོད་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་བཅས་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བའི་གཙོ་རྐང་ཞིག་ལ་བརྩི་བ་དང་། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་དེ་ཉིད་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བ་དང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་སེམས་ལ་བརྟན་པོར་བཅང”དགོས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་དེ་གཞི་རྟེན་ཞིག་ལ་བརྩིས་ནས། འབད་བརྩོན་ཆེན་པོས་སློབ་སྦྱོང་སློབ་གསོའི་བྱེད་སྒོའི་གྲུབ་འབྲས་དེ་འཐབ་ཇུས་འགོད་སེམས་དང་། དངོས་དོན་སྒྲུབ་པའི་བྱེད་ཐབས། འགན་ནུས་སྒྲུབ་པའི་འཇོན་ཐང་བཅས་ལ་འགྱུར་བ་བྱས་ཏེ། བོད་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱ་གཞག་གི་ལག་ལེན་པ་དང་། སྲུང་སྐྱོང་པ། སྲུང་སྐྱོབ་པ་བཅས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་དགོས། སྲིད་གྲོས་ཤེས་རྟོགས་ཐུབ་པ་དང་། གྲོས་མོལ་བྱེད་ཤེས་པ། སྲིད་ཞུགས་བྱེད་མཁས་པ། སྒྲིག་ཁྲིམས་སྲུང་བ། སྒྲིག་ལམ་ལ་དང་དོད། གཤིས་སྤྱོད་བཟང་པོར་གཙིགས་འཛིན་བཅས་ཀྱི་བླང་བྱ་གཞིར་བཟུང་། ཨུ་ཡོན་གྱི་འདུ་ཤེས་དང་། མང་ཚོགས་ཀྱི་འདུ་ཤེས། ཞབས་ཞུའི་འདུ་ཤེས་བཅས་ཆེ་རུ་གཏོང་བ་དང་། ཆབ་སྲིད་ཁོང་དུ་ཆུད་པའི་ནུས་པ་དང་། བརྟག་དཔྱད་ཞིབ་འཇུག་གི་ནུས་པ། མང་ཚོགས་དང་འབྲེལ་བ་བྱེད་པའི་ནུས་པ། མཉམ་ལས་མཉམ་སྒྲུབ་ཀྱི་ནུས་པ་བཅས་ཆེ་རུ་བཏང་ནས། སྲིད་གྲོས་ལས་དོན་ཁྲོད་ཀྱི་ཨུ་ཡོན་གྱི་གཙོ་རྐང་ནུས་པ་དང་། རང་འཁྲིའི་ལས་འགན་སྒྲུབ་པའི་ཁྲོད་ཀྱི་ཨུ་ཡོན་གྱི་སྣེ་ཁྲིད་ནུས་པ། རིགས་ཁོངས་མང་ ཚོགས་ཁྲོད་ཀྱི་ཨུ་ཡོན་གྱི་འཐུས་ཚབ་ནུས་པ་བཅས་འདོན་སྤེལ་བྱེད་དགོས། སྲིད་གྲོས་ཨུ་ཡོན་དང་། རིགས་ཁོངས། ཆེད་དོན་ཨུ་ལྷན། སྲིད་གྲོས་ལས་ཁུངས་བཅས“ཕྱོགས་བཞི་གཞི་གཅིག”གི་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་ནས། དེ་དག་ཕན་ཚུན་གཞོགས་འདེགས་དང་། ཕན་ཚུན་མཐུན་སྡེབ། མཉམ་ཤུགས་ཆགས་པ། ནུས་པ་འདོན་སྤེལ་ཐུབ་པ་བཅས་ལ་འགྱུར་བ་བྱེད་དགོས། ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བ་དང་སྙིང་རུས་གཏན་འཁྱོངས་བྱ་རྒྱུ་གཉིས་ཟུང་འབྲེལ་དམ་ཟབ་ཀྱིས། སྐད་ཆ་དྲང་པོ་ཤོད་པ་དང། སྐད་ཆ་དངོས་གནས་ཤོད་པ། གོ་ཆོད་པའི་སྐད་ཆ་ཤོད་པ་བཅས་བྱས་ནས། བྱ་བ་དངོས་སྒྲུབ་པ་དང་། གནས་ཚུལ་དངོས་ལ་བརྟག་དཔྱད། བྱེད་ཐབས་ནུས་ལྡན་སྤྱོད་པ་བཅས་བྱེད་དགོས། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་ལེགས་བཅོས་དང་སྒྲིག་ལམ་ནན་སྲུང་གིས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་ལག་བསྟར་ཞིབ་སྲོལ་དང་ལྗོངས་ཏང་ཨུད་ཀྱི“བསྲུང་བྱ་རྣམ་བཅུ”དང“བླང་བྱ་ཁག་དགུ”ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། འབད་པ་རྩལ་སྤྲུགས་ཀྱིས“སྤྱོད་ཚུལ་བཞི”བཅོས་སྒྲིག་བྱེད་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ནས། ལྷག་བསམ་དང་སྤྱོད་གཙང་ཅན་གྱི་སྲིད་གཞུང་དང་ཚོང་ལས་དབར་གྱི་འབྲེལ་རྣམ་གསར་པ་གང་མགྱོགས་བསྐྲུན་ཐོག་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།

    ཚོགས་འདུའི་ཐོག་འབོད་སྐུལ་བྱས་དོན། ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་སུ་ཞུགས་པའི་ཚན་པ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན། སྲིད་གྲོས་ཀྱི་ལས་བྱེད་ལས་བཟོ་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ནས། རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་ཞིབ་ཚགས་དང་ལྗོངས་ཏང་ཨུད་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ལྟེ་བར་དམིགས་ཏེ་དུས་རབས་གསར་པའི་བོད་ལྗོངས་སྲིད་གྲོས་ཀྱི་རྣམ་པ་གསར་པ་དང་བྱ་སྤྱོད་གསར་པ་མངོན་པར་བྱས་ཐོག འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་རྒྱལ་ཁ་གསར་པ་བརྩོན་ལེན་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བོད་ཀྱི་ལེའུ་ཡག་པོ་རྩོམ་པ་བཅས་ཀྱི་ཕྱིར་འབད་འཐབ་ལྷོད་མེད་བྱེད་དགོས།

    (ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།