[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས།

    (2018ལོའི་ཟླ་2ཚེས་5ཉིན་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་བ)

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-08

    ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་2018ལོའི་ཟླ་2ཚེས་5ཉིན་ལྷ་སར་འཚོགས་ཤིང་། ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཐོག་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཨུ་ཡོན་35ཞུགས་པ་དང་ཟུར་ཞུགས་མི་སྣ་217ཡོད་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ་དང་། ཆེ་དགྲ་ལྷ་དང་། ཏིང་ཡེ་ཤན། ཀྲོང་ཡན། ནོར་བུ་དོན་གྲུབ། བསྟན་ཁོ། ཝང་གཡུང་ཅུན། ཙེང་དབན་མིང་། ཅང་ཅེ། སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ་བཅས་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་ཚོགས་འདུར་ཞུགས་པ་རེད།

    ཚང་འཛོམས་གྲོས་ཚོགས་རང་སྐྱོང་ལྗོངས་སྒྲིག་བཤེར་ཨུ་ལྷན་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་བྱས་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་2017ལོའི་སྒྲིག་བཤེར་ལས་དོན་ལ་ཕྱོགས་སྡོམ་དང་2018ལོའི་ལས་འགན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། བློ་མཐུན་ཝང་གཡུང་ཅུན་གྱིས་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ཏེ་གནང་བའི་འགོ་བརྗོད་དུ《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་དགོས》ཞེས་འཁོད་པའི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

    ཚང་འཛོམས་གྲོས་ཚོགས་ཐོག་ངོས་འཛིན་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་པ་རེད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་སྐོར་གྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐབ་ཇུས་བཀོད་སྒྲིག་རྒྱས་བཤད་ཟབ་མོ་གནང་བས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆོས་ཉིད་ལ་ངོས་འཛིན་སྔར་བས་ཟབ་ཏུ་ཕྱིན་པ་དང་ལོ་5ཡི་རིང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཉམས་མྱོང་གལ་ཆེན་སྔར་བས་ཕྱོགས་སྡོམ་བྱས་པ་དང་ཏང་ལ་འཕྲད་པའི་ཉེན་ཁ་དང་འགྲན་སློང་ལ་ཚན་རིག་དང་མཐུན་པའི་ངང་དབྱེ་ཞིབ་བྱས་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་རླབས་ཆེན་བྱ་གཞག་གཏོད་པར་ངེས་པར་དུ་ཏང་གི་འགོ་ཁྲིད་ལ་བརྟེན་པ་དང་། ཏང་ལ་ངེས་པར་དུ་རྣམ་པ་གསར་པ་དང་བྱ་སྤྱོད་གསར་པ་ལྡན་པ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ནམ་ཡང་ཚར་དུས་མེད་པའི་སྙིང་སྟོབས་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཀྱི་ཕྱོགས་སུ་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་བྱས་ཡོད། གསུང་བཤད་མཐོ་གཟིགས་འོག་བསྐྱངས་དང་། ནང་དོན་གཏིང་ཟབ་པ། གནད་དོན་ལ་ཐད་ཀར་ཕྱོགས་པ། གནད་ལ་འཁེལ་བ་བཅས་ཡོད་པ་དང་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་མཁས་པའི་བློ་བརྟན་འགྱུར་མེད་ཀྱི་དད་སེམས་དང་ཡིད་ཆེས་དང་ལྷག་བསམ་ཟོལ་མེད་ཀྱིས་དམངས་ལ་བཅངས་པའི་བརྩེ་སེམས་མཚོན་པ་དང་། གུང་ཁྲན་ཏང་མིའི་ཏང་ལ་སེམས་ཁྲལ་དང་ཏང་དར་རྒྱས་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དང་སྒེར་སེམས་དང་འཇིགས་སྣང་མེད་པའི་འཐབ་རྩོད་ཀྱི་སྙིང་སྟོབས་མངོན་པ། རང་རེའི་ཏང་གིས་རང་ངོས་གསར་བརྗེ་བྱེད་ཕོད་པ་དང་སྔར་རྒྱུན་བཞིན་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་གསལ་པོ་དང་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་ངེས་ཤུགས་མངོན་པ་བཅས་ནི་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན། ཧྲུའུ་ཅི་ཀྲའོ་ལེ་ཅིས་གནང་བའི་ལས་དོན་སྙན་སྒྲོན་ནང་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་2018ལོའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་གསལ་བཏོན་བྱས་པ་དེར་བསམ་བློའི་རང་བཞིན་དང་། ཆབ་སྲིད་རང་བཞིན། དམིགས་སའི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཆེན་པོ་ལྡན་ཡོད་པས་ང་ཚོས་སྒྲིག་བཤེར་ལྟ་ཞིབ་ལས་དོན་ཡག་པོ་སྒྲུབ་པའི་ཐད་གཞི་འཛིན་ས་གལ་ཆེན་ཞིག་མཁོ་འདོན་བྱས་ཡོད། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་ནི་རིམ་ཁག་ཏང་རྩ་འཛུགས་དང་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག་བཅས་བྱེད་པ་དང་། དགོངས་དོན་གྱི་ངོ་བོ་ཁོང་དུ་ཆུད་པ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ། འགན་འཁྲི་གཉིས་དོན་འཁྱོལ་བཅས་བྱས་ནས་ཏང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱེད་དགོས།

    ཚང་འཛོམས་གྲོས་ཚོགས་ཐོག་ངོས་འཛིན་བྱས་དོན། བློ་མཐུན་ཝུའུ་དབྱིང་ཅེའི་གསུང་བཤད་གལ་ཆེན་གྱི་འགོ་ནས་མཇུག་བར་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཁྱབ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱབ་པ། 2017ལོའི་རང་ལྗོངས་ཀྱི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཐད་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་བྱས་པ། སྔར་བཞིན་ཛ་དྲག་ཆེ་ལ་རྙོག་འཛིང་ཆེ་བའི་རུལ་རྒོལ་འཐབ་རྩོད་ཀྱི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ། འདི་ལོའི་ལས་དོན་གྱི་ལས་འགན་གཙོ་བོ་བཀོད་སྒྲིག་བཅས་བྱས་ནས་ང་ཚོས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་བྱ་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་ཡོད།

    ཚང་འཛོམས་གྲོས་ཚོགས་ཐོག་ངོས་འཛིན་བྱས་དོན། 2017ལོར་བློ་མཐུན་ཝུའུ་དབྱིང་ཅེས་པན་ཀྲང་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རང་རྟོགས་ངང་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ནས་དམིགས་བསལ་རང་བཞིན་མེད་པའི་བསམ་བློ་མཐའ་འཁྱོངས་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་ཀའི་བརྒྱུད་རིམ་ཧྲིལ་པོར་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ། བཀོད་སྒྲིག་བྱ་རྒྱུར་དམ་འཛིན། དོན་འཁྱོལ་ལ་ལྟ་སྐུལ་བྱ་རྒྱུར་དམ་འཛིན་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད། གྲུབ་འབྲས་དེ་དག་ཐོབ་པའི་གཞི་རྩ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་ལས་བྱུང་བ་ཞིག་ཡིན་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་དང་ལྷག་དོན་དུ་ཏང་ཡོངས་ཀྱིས་བརྩི་བཀུར་དང་། མི་དམངས་ཀྱིས་དགའ་གཅེས། ངོ་གནོང་མི་དགོས་པ་བཅས་ཀྱི་ཏང་གི་གཙོ་འཛིན་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནུས་ཤུགས་ཡོད་རྒུས་ཉེན་ཁ་ལས་བསྐྱབས་པ་དང་། བྱ་སྤྱོད་དེ་སྐད་སྒྲ་མེད་པའི་བཀའ་རྒྱར་བརྩི་བ་དང་རང་དཔེ་གཞན་སྟོན་ངང་ལག་བསྟར་གྱི་མིག་དཔེ་བཏོན་ནས་རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་བཀོད་སྒྲིག་དང་འགོ་ཁྲིད་གནང་སྟེ་ང་ཚོར་དཔེ་སྟོན་བཟང་པོ་ཞིག་བཏོན་གནང་ཡོད།

    ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགག་རྩ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་ཏང་ཀྲུང་དབྱང་ཁྲོད་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་དངོས་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུ་བཅས་ལ་ཐུག་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་མིག་སྔའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་དུས་བབ་སྔར་བཞིན་རྙོག་འཛིང་ཆེ་ལ་ཛ་དྲག་པས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་ལྷོད་གཡེང་སྤུ་ཙམ་མི་གཏོང་བར“ནན་པོ”བྱ་རྒྱུ་དེ་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་པ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས“དཀའ་ཚེགས་ཇི་ཙམ་ཆེ་བ་དེ་ཙམ་གྱིས་མདུན་དུ་སྐྱོད་པའི”དཔའ་བོའི་བློ་སྟོབས་དང“འཕྲང་ལམ་དུ་དགྲ་ཐུག་སྐབས་བློ་ཁོག་ཆེན་པོས་རྣམ་པར་རྒྱལ་བར་བྱེད་པའི”འཐབ་རྩོད་ཀྱི་སྙིང་སྟོབས་ཐོག་ནས་འགག་སྒྲོལ་དཀའ་སེལ་བྱེད་ཕོད་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་རང་བཞིན་གྱི་གྲུབ་འབྲས་དེ་བས་ཆེན་པོ་ནུས་ཤུགས་ཡོད་རྒུས་ཐོབ་པ་བྱེད་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། 2018ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་ཚུགས་ལོ་ཞིག་དང་། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་ལོ་ཞིག ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱེད་པའི་སྔ་རྗེས་རྒྱུན་མཐུད་ཀྱི་འགག་རྩའི་ལོ་ཞིག་བཅས་ཡིན་པས་སྒྲིག་བཤེར་ལྟ་བཤེར་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་ལྕི་པོ་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང“གདེང་ཚོད་བཞི”སྲ་བརྟན་དུ་བཏང་ནས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་གཅིག་འགྱུར་བཀོད་སྒྲིག་གཞིར་བཟུང་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་རྒྱུར་དམིགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་ལ་སྲུང་སྐྱོང་བྱ་རྒྱུར་དམིགས་པ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱ་རྒྱུར་དམིགས་པ་བཅས་བྱས་ནས་ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་དང་བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་སྒྲུབ་དགོས་པ་དང་ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ནས་ཏང་གི་འཛུགས་སྐྱོང་ཁག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་ཀྱི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་རྒྱུན་སྲིང་ལྷོད་མེད་ངང་སྤྱོད་བཟང་སྒྲིག་ནན་བྱེད་པ་དང་། རུལ་སུངས་ལ་ཆད་གཅོད་བྱེད་པའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱེད་པ། ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་པ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཟང་པོ་ཞིག་གཏོད་པ། བློ་དཀར་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་དཔུང་ཁག་འཛུགས་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྱིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པར་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས།

    གཅིག་ནས་དར་ཆ་གསལ་སྟོན་དང་ཆབ་སྲིད་ལ་སྣང་ཆེན་གྱིས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་བཏང་སྟེ་ཏང་གི་སྒྲིག་ཡིག་ལག་བསྟར་བྱེད་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་ཏང་ཡོན་གྱིས་ཆོས་ལུགས་ལ་དད་པ་བྱ་རྒྱུ་གཏན་འགོག་བྱས་ནས“ཡོད་པ་རེད་བདུན”གྱི་གནད་དོན་ཐག་གཅོད་ནན་པོ་བྱས་ནས་ཆབ་སྲིད་ཐོག་གི“མགོ་གཉིས་པ”དུས་ཐོག་ཏུ་ཏང་ནང་ཁུལ་ནས་དབྱེ་འབྱེད་ཐུབ་པ་བྱས་ཏེ་ཏང་ནས་ཕྱིར་འབུད་མཐའ་གཅིག་ཏུ་བྱེད་དགོས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་པོ་དགོས་པ་དང་དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་འགའ་ཞིག་ལག་བསྟར་ནན་པོ་བྱེད་དགོས་པ་དང་དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་དང་། འཐུས་ཚང་། དོན་འཁྱོལ་བཅས་བྱས་ནས་སྙན་ཞུའི་ལམ་ལུགས་དགོངས་སྐོར་ནན་པོ་ཞུ་དགོས། ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་རྩ་དོན། ཆབ་སྲིད་ཀྱི་འགན་འཁྲི་ཁུར་ཕོད་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་བཅས་ལ་དམིགས་ནས་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ལ་ལྟ་སྐུལ་ནན་པོ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྤྱོད་གཙང་གི་ཆབ་སྲིད་རིག་གནས་འཛུགས་པ་དང་མི་འདེམས་སྤྱོད་ཀྱི་ཆབ་སྲིད་འགག་སྒོ་དང་། སྤྱོད་གཙང་འགག་སྒོ གཟུགས་བརྙན་འགག་སྒོ་བཅས་ནན་པོ་སྲུང་སྟེ་ཏང་ཨུད(ཏང་ཙུའུ)ལ་དམིགས་སའི་རང་བཞིན་ལྡན་པའི་ངང་ཆབ་སྲིད་ཁོར་ཡུག་གཏོད་རྒྱུར་གཞོགས་འདེགས་བྱེད་དགོས།

    གཉིས་ནས་སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་གཞི་སྒྱུར་བཅོས་ཟབ་ཏུ་བཏང་ནས་སྐོར་གཟིགས་དང་། མངགས་གཏོང་། ལྟ་ཞིབ་བཅས་ཕྱོགས་ཡོངས་ལ་ཁྱབ་པའི་དབང་ཆར་ལྟ་སྐུལ་གྱི་རྣམ་པ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་། ཆབ་སྲིད་འཛུགས་སྐྱོང་གཅིག་འདོམས་སུ་བྱས་ནས་ཆབ་སྲིད་ཀྱི་སྐོར་གཟིགས་དང་སྐོར་ཞིབ་ཟབ་ཏུ་གཏོང་བ་དང་། གནད་དོན་ཤེས་རྟོགས་བྱ་རྒྱུ་མཐའ་འཁྱོངས་དང་ཟིལ་གནོན་ཞིག་ཆགས་པ་བྱེད་པ། རྒྱུན་གཏན་གྱི་སྐོར་གཟིགས་ཀྱི་རྨང་གཞིའི་ཐོག་ཆེད་དོན་སྐོར་གཟིགས་ཟབ་ཏུ་གཏོང་བ། སྐབས་བསྟུན་རྣམ་པའི་སྐོར་གཟིགས་ལ་ཤུགས་སྣོན་རྒྱག་པ། རྒྱུན་རྣམ་ཅན་གྱི་སྒོ་ནས“ཕྱིར་མིག་ལྟ་བ” སྐོར་གཟིགས་གྲུབ་འབྲས་ཕྱོགས་བསྡུས་ཐོག་སྤྱོད་པ། དག་ཐེར་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ་སྐོར་གཟིགས་ལས་དོན་གྱི་སྤུས་ཚད་མཐོ་རུ་གཏོང་དགོས། གྲོང་ཁྱེར་གྱི་རིམ་པ་དང་པོའི་ཁྱབ་ཁོངས་ནང་རྫོང་ཆུས་ཀྱི་སྣོལ་མའི་སྐོར་གཟིགས་ལས་དོན་འཚོལ་ཞིབ་བྱས་ནས་སྤེལ་དགོས། མངགས་གཏོང་སྒྲིག་གཞིའི་གཅིག་གྱུར་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་མངགས་གཏོང་སྒྲིག་བཤེར་ཚོགས་ཆུང་ལ་དགོས་ངེས་ཀྱི་ལྟ་ཞིབ་འགན་ནུས་དང་དབང་ཚད་སྤྲད་དེ་གྲོང་ཁྱེར་དང་ས་ཁུལ་གྱི་རིམ་པ་དང་པོའི་ཏང་དང་རྒྱལ་ཁབ་ལས་ཁུངས་ལ་མངགས་གཏོང་ལྟ་སྐུལ་ཚང་མར་ཁྱབ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་ནས་ཏང་གིས་རུལ་རྒོལ་ལས་དོན་ལ་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་དང་། ཐབས་ཇུས་ལམ་སྲོལ། ལག་བསྟར་བྱེད་ཐབས་བཅས་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས། མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ་དང་ལྟ་སྐུལ་དང་། བརྟག་དཔྱད་། ཐག་གཅོད་བཅས་ཀྱི་འགན་འཁྲི་ནན་ཏན་ངང་བསྒྲུབས་ནས་སྒྲིག་ཁྲིམས་ལག་བསྟར་གྱི་ཞིབ་བཤེར་དང་ཁྲིམས་ལྟར་བརྟག་དཔྱད་གཅིག་གྱུར་ནུས་ལྡན་ཡོང་བ་བྱས་ཏེ་ལྟ་ཞིབ་ལས་ཁུངས་དང་འདྲི་གཅོད་ལས་ཁུངས་དང་། ཞིབ་དཔྱོད་ལས་ཁུངས། ཁྲིམས་འཛིན་སྡེ་ཚན་བཅས་དབར་གྱི་ལས་དོན་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྒྲིག་གི་ནུས་པར་འགྱུར་བ་བྱེད་དགོས།

    གསུམ་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དོན་འཁྱོལ་བྱ་རྒྱུར་དམ་འཛིན་དང་དེ་བཞིན་དེའི་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་བྱ་རྒྱུར་དམ་འཛིན་གྱིས་མི་དམངས་མང་ཚོགས་ཀྱིས་མཐོང་ཐུབ་པ་དང་། ཚོར་ཐུབ་པ། དངོས་འབྲེལ་བློ་ཡིད་ཚིམ་པ་བཅས་ཀྱི་སྤྱོད་ཚུལ་བཟང་པོ་ཆགས་ཐུབ་པ་བྱེད་དགོས་ཤིང་། “སྤྱོད་ཚུལ་བཞིའི”གནད་དོན་གྱི་མཚོན་ཚུལ་གསར་པ་དང་འཕེལ་ཕྱོགས་གསར་པར་དམ་པོར་དམིགས་ནས་ཏང་ཡོན་ལས་བྱེད་པ་རྒྱན་འགྱེད་ཀྱི་ངོ་བོ་ལྡན་པའི་རོལ་རྩེད་དང་རྒྱན་འགྱེད་ནང་ཞུགས་པའི་གནད་དོན་གྱི་ཆེད་དོན་བཅོས་སྒྲིག་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ཏེ་ཕྱིན་ཆད་སྒྲིག་ཁྲིམས་ལག་བསྟར་དེ་བས་ནན་དུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་ལས་བསྐྱར་ལོག་མི་བྱ་རྒྱུའི་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཅོས་སྒྲིག་བྱེད་པའི་ཐད་འབད་བརྩོན་ཆེར་སྐྱེད་བྱས་ཏེ་ཡིག་ཆ་དང་ཚོགས་འདུ་སྟབས་བསྡུས་མཐའ་གཅིག་ཏུ་བྱེད་པ་དང་དམིགས་བསལ་དབང་ཆའི་བསམ་བློ་དང་དམིགས་བསལ་དབང་ཆའི་སྣང་ཚུལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། དགོས་པའི་ལས་མི་བྱེད་པ་དང་སྒྱིད་ལུག་བྱེད་པ་སོགས་ཀྱི་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་ཏེ་རྣམ་འགྱུར་འདྲ་མིན་སྣ་ཚོགས་དང་བྱ་སྤྱོད་དོན་འཁྱོལ་མི་བྱེད་པའི་རིགས་ལ་དཔེ་མཚོན་དམ་འཛིན་དང་། འགན་འཁྲི་བདའ་འདེད་མཐའ་གཅིག་ཏུ་གཏོང་བ། ཟིལ་གནོན་ཆགས་པ་བཅས་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། སྤྱོད་ཚུལ་འཛུགས་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལམ་ལུགས་ཀྱི་ལག་བསྟར་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལམ་ལུགས་ཀྱི་སྟོབས་ཤུགས་ཐོག་ནས་སྤྱོད་ཚུལ་བཟང་པོ་འཇགས་རྒྱུར་སྐུལ་འདེད་གཏོང་དགོས།

    བཞི་ནས་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་སྒྲིག་ཁྲིམས་ནན་པོའི་ཐོག་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་དགོས་ཤིང་། སྒྲིག་ཁྲིམས་སློབ་གསོ་ཟབ་གཏོང་དང་དངོས་སུ་བསྒྲུབས་ནས་ཉེ་འགྲམ་གྱི་གནས་ཚུལ་ཐོག་ནས་ཉེ་འགྲམ་གྱི་མི་ལ་སློབ་གསོ་གཏོང་དགོས། སྒྲིག་ཁྲིམས་ལག་བསྟར་ལ་ལྟ་སྐུལ་བྱེད་པའི“རྣམ་པ་བཞི”སྤྱོད་ཟབ་ཏུ་བཏང་ནས་སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ་བྱས་ཏེ་རྣམ་པ་དང་པོ་སྤྱོད་པའི་ཐད་འབད་བརྩོན་ཆེར་སྐྱེད་བྱེད་དགོས། རྒྱུན་གཏན་གྱི་སྒྲིག་ཁྲིམས་ལག་བསྟར་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ལས་བྱེད་པའི་དོ་དམ་དབང་ཚད་ཡོད་པའི་ཏང་ཚོགས་ཆུང་ལ་མི་འདེམས་མི་སྤྱོད་དང་དོ་དམ་ལྟ་སྐུལ་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་དོ་དམ་དངོས་དང་དོ་དམ་ནན་པོ་དང་། དོ་དམ་བྱེད་ཕོད་པ་དང་དོ་དམ་ནན་པོ། ཡུན་རིང་དོ་དམ་དང་ཡུན་རིང་ནན་པོ་བཅས་བྱེད་དགོས། ལམ་ལུགས་ཀྱི་རླུང་ཙི་དམ་དུ་བཏང་ནས་དུས་བསྟུན་འཕེལ་རྒྱས་ཀྱི་སྒོ་ནས་ས་གནས་ཀྱི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་ཀྱི་བཟོ་བཅོས་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས།

    ལྔ་ནས་རྩ་ལག་མཉམ་བཅོས་བྱེད་ཟབ་ཏུ་བཏང་ནས་རུལ་རྒོལ་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་རྣམ་པ་བརྟན་དུ་དང་འཕེལ་རྒྱས་གཏོང་དགོས་ཤིང་། བཀག་སྡོམ་ཁུལ་མེད་པ་དང་། ཚང་མར་ཁྱབ་པ། ཐར་པར་གཏན་ནས་མི་གཏོང་བ་བཅས་མཐའ་འཁྱོངས་དང་། བཀག་སྡོམ་ནན་པོ་དང་། དམ་བསྒྲགས་ནན་པོ། ཟིལ་གནོན་ཆེན་པོ་བཅས་མཐའ་འཁྱོངས། ལྐོག་རྔན་ལེན་མཁན་དང་སྤྲོད་མཁན་མཉམ་དུ་བརྟག་དཔྱད་བྱ་རྒྱུ་མཐའ་འཁྱོངས་ཀྱིས“རིགས་གསུམ་གྱི་གཙོ་གནད་མིར”དམ་པོར་དམིགས་ཏེ་ཆབ་སྲིད་ཀྱི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་ཕན་ཚུལ་འབྲེལ་ནས་ཆགས་པའི་ཁེ་ཕན་ཚོགས་པའི་རུལ་སུངས་གྱོད་གཞིར་རྩད་གཅོད་ནན་པོ་བྱེད་དགོས། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ཏེ་མི་འདེམས་མི་སྤྱོད་དང་། ཞིབ་མཆན་ལ་ལྟ་སྐུལ་དོ་དམ། ཐོན་ཁུངས་གསར་སྤེལ། དངུལ་རྩའི་ཡིད་རྟོན་དངུལ་བུན། ལས་གྲྭའི་འོས་སྐུལ་འོས་དཔོད་སོགས་ཐད་ཀྱི་རུལ་སུངས་གནད་དོན་རྩད་གཅོད་ནན་པོ་བྱེད་དགོས། རུལ་རྒོལ་གྱི་བྲོས་འདེད་དངུལ་འདེད་ལས་དོན་ཟབ་ཏུ་བཏང་ནས་བྲོས་མཁན་བཀག་འགོག་ལས་དོན་ལ་གཙོ་གནད་ཐོག་ཤུགས་སྣོན་རྒྱག་དགོས། རྩ་ལག་མཉམ་བཅོས་མཐའ་འཁྱོངས་ཀྱིས་བསམ་བློར་བརྟེན་ནས་ཏང་འཛུགས་སྐྱོང་དང་། སྒྲིག་ཁྲིམས་ལ་བརྟེན་ནས་ཏང་ལ་ཤུགས་སྣོན། ལམ་ལུགས་ལ་བརྟེན་ནས་ཏང་བཅོས་སྐྱོང་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་སྒྲིག་སྲོལ་ལམ་སྲོལ་ཟབ་ཏུ་གཏོང་བ་དང་འཛུགས་དགོས།

    དྲུག་ནས་མང་ཚོགས་ཉེ་འགྲམ་གྱི་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཁྲོད་ཀྱི་མི་དམངས་མང་ཚོགས་ལ་ཐོབ་ཚོར་དེ་བས་མང་བ་ཡོང་བ་བྱེད་དགོས་ཤིང་། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་གྱི་ཆེད་དོན་བཅོས་སྒྲིག་བྱེད་སྒོ་ནན་ཏན་ངང་སྤེལ་ཏེ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ལེན་ཆེད། སྒྲིག་ཁྲིམས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས། གཞི་རིམ་གྱི“རུལ་སུངས་ཙག་ཙིག”ལ་ཁྲིམས་གཅོད་དང་ནག་སེལ་གཤེད་བཅོམ་ཟུང་འབྲེལ་བྱས་ཏེ་ལྟ་སྐུལ་ཞིབ་བཤེར་དང་བསྒྲུབ་རྒྱུར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ནག་ཚོགས་དང་འབྲེལ་བ་ཡོད་པའི་རུལ་སུངས་ལ་རྩད་ཆོད་མཐའ་གཅིག་ཏུ་བྱེད་པ་དང་། དམངས་འཚོའི་མ་དངུལ་དང་། “མ་དངུལ་གསུམ”གྱི་དོ་དམ། སློབ་གསོ་སྨན་བཅོས། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སོགས་ཁྱབ་ཁོངས་སུ་ལྷག་པའི་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ“མཐའ་མའི་འགག་གནད”དུ་ཁྱབ་པ་བྱེད་དགོས།

    བདུན་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་གཙོ་གནད་དམ་པོར་བཟུང་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་། བྱེད་པོའི་འགན་འཁྲིའི་གཙོ་གནད་དེ་དམ་པོར་འཛིན་པ་དང་། ཏང་ཨུད(ཏང་ཙུའི)ཀྱི་ཧྲུའུ་ཅིའི་འགག་རྩ་དེར་དམ་པོར་དམིགས་པ། རྒྱུན་གཏན་གྱི་ལྟ་སྐུལ་མཛུབ་ཁྲིད་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། འགན་འཁྲི་བདའ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ། འགན་འཁྲི་བདའ་འདེད་ནན་པོ་གཏོང་བའི་ལྡོག་བཤེར་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་བཅས་བྱེད་དགོས། གོང་རིམ་སྒྲིག་ཨུད་ཀྱིས་འོག་རིམ་སྒྲིག་ཨུད་ཀྱི་འགོ་ཁྲིད་རྒྱུར་ཤུགས་སྣོན་བརྒྱབ་སྟེ“བསྒྱུར་བ་གསུམ”རྒྱུན་མཐུད་ངང་ཟབ་ཏུ་གཏོང་བ་དང་། དར་ཆ་གསལ་སྟོན་གྱིས་འགན་འཁྲི་ཁུར་ཕོད་པའི་ལས་བྱེད་པར་འགན་ཁུར་བ། རྒྱ་ཆེའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པར་སྒྲུབ་ཕོད་པ་དང་ཡག་པོ་སྒྲུབ་པའི་ངར་ཤུགས་སློང་བ། མཐོ་སློབ་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱིས་དོ་དམ་བྱེད་པའི་གཞུང་ཁོངས་ཁེ་ལས་ཀྱི་སྒྲིག་བཤེར་སྒྲིག་གཞིའི་ལྟ་སྐུལ་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས།

    ཚང་འཛོམས་གྲོས་ཚོགས་ཐོག་བླང་བྱ་བཏོན་དོན། ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་རྒྱ་ཆེའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་ཏང་ལ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱེད་པའི་ཆབ་སྲིད་ཀྱི་བྱང་ཚད་མཐོ་རུ་གཏོང་བ་དང་། དད་སེམས་དང་ཡིད་ཆེས་བརྟན་དུ་གཏོང་བ། སྲོག་ཤིང་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་ཐོག་མཐའ་བར་གསུམ་དུ་ཞུ་བ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་བརྩི་དང་སྲུང་སྐྱོང་བྱེད་པ་བཅས་བྱས་ཏེ་ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་བྱེད་དགོས་པ་དང་། རང་འགན་གཙང་སྒྲུབ་ཀྱིས་ཆེད་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་སྒྲིག་ཁྲིམས་སྔོན་ལ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་སྲིད་ཇུས་དང་ཐབས་ཇུས་དག་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ལ་ལྟ་སྐུལ་དང་བརྟག་དཔྱད་དང་ཐག་གཅོད་ལ་ལྟ་སྐུལ་གྱི་ལས་དོན་ཁྲོད་མཚོན་པར་བྱེད་པ་དང་། ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་གི་བྱེད་ཐབས་ཐོག་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པ། རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་འཐབ་རྩོད་བྱེད་ཕོད་པ་བྱེད་པ། ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ཀྱི་དབང་གྲགས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བཅས་བྱས་ཏེ་འགན་འཁུར་བའི་ཐད་ཉམས་སད་ཐེག་ཐུབ་པ་བྱེད་དགོས་པ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་རང་གཤིས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་དབང་ཆ་སྤྱོད་པའི་ཐད་བསྒམ་ཞིང་བརླིང་བ་དང་། རང་གིས་རང་གཅུན་པའི་ཐད་གཟབ་ཅིང་ནན་པ། རང་གིས་རང་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན། བློ་སྟོབས་ཆེན་པོའི་ཐོག་ནས་རང་ངོས་དཔུང་ཁག་གི་སྤྱོད་པ་གཙང་དུ་གཏོང་བ་བཅས་བྱས་ཏེ་སྤྱོད་ཚུལ་ཐད་ཉམས་སད་ཐེག་ཐུབ་པ་བྱེད་དགོས་པའི་ཐོག་ནས་ཏང་དང་མི་དམངས་ཀྱིས་སྤྲད་པའི་དབང་ཆ་གང་བྱུང་དུ་མི་སྤྱོད་པ་དང་ལེགས་སྤེལ་ཉེས་འགོག་གི་དཔའ་ནམ་ཡང་མི་ཞུམ་པའི་འགན་ལེན་བྱེད་དགོས།

    ཚོགས་འདུའི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་བྱེད་པ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། སྒེར་སེམས་མེད་ལ་དཔའ་མི་ཞུམ་པར་འབད་འཐབ་ཆེར་སྐྱེད་བྱེད་པ། འགན་འཁྲི་འཁུར་བའི་བྱ་སྤྱོད་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་རྩོམ་པ་བཅས་ཀྱི་ཆེད་དུ་དེ་བས་ཆེ་བའི་ལེགས་སྐྱེས་གསར་པར་འབུལ་དགོས་པའི་འབོད་སྐུལ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།