[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན།

    —— 《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་2035ལོའི་ཕུགས་ཀྱི་དམིགས་ཚད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོ》ལ་གསལ་འགྲེལ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-11-11

    ཟླ་11ཚེས་3ཉིན། ཤིན་ཧྭ་གསར་འགྱུར་ཁང་ལ་དབང་བསྐུར་བ་ལྟར་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་2035ལོའི་ཕུགས་ཀྱི་དམིགས་ཚད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོ》བཀྲམ་པ་རེད། 《གྲོས་འགོ》དེ་ཆ་ཤས་15དང་དོན་ཚན་60ལས་གྲུབ་པ་དང་ཁྱོན་ཡིག་འབྲུ་ཁྲི་2ཙམ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་འགོ་ཁྲིད་གནང་ནས་བཟོས་པའི་འཆར་འགོད་ཀྱི《གྲོས་འགོ》འདི་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་རྒྱང་སྐྱོད་ལམ་བུ་གསར་པ་འགོ་ཚུགས་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་ལ། སླད་ཕྱིན་ལོ་ལྔ་དང་ཐ་ན་དུས་ཡུན་དེ་བས་རིང་བའི་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་ཀྱང་རེད།

    “ལོ་བརྒྱ་གཉིས་པའི”འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་ཀྱི་འདྲེས་མཚམས་སུ་ལངས་ནས། དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པའི་ཕུགས་འདུན་འགྲུབ་པའི་འཆར་གཞི་འདི་ནི་ཀྲུང་གོའི་མི་དམངས་དུང་ཕྱུར་14ཡི་འབྱུང་འགྱུར་གྱི་བདེ་རྩ་དང་འབྲེལ་བ་ཡོད་པ་མ་ཟད། འཛམ་གླིང་སྤྱི་ཡོངས་ཀྱི་འཕེལ་རྒྱས་ལ“ཀྲུང་གོའི་གོ་སྐབས”དེ་བས་མང་བ་མཁོ་འདོན་བྱེད་རྒྱུའང་རེད།

    འབད་འཐབ་དམིགས་ཚད་གསར་པ་གཅིག

    ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་རྒྱུ།

    རང་རྒྱལ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཟིན་རྗེས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་རྒྱལ་གྱི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་རྒྱང་སྐྱོད་ལམ་བུ་གསར་པ་འགོ་ཚུགས་ནས། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་པའི་དུང་བརྡ་གྲགས་ཡོད།

    ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པར་དུས་མཚམས་གཉིས་སུ་ཕྱེ་ནས་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་བྱས་ཡོད། འཐབ་ཇུས་བཀོད་སྒྲིག་འདི་དོན་འཁྱོལ་ཞིབ་ཕྲ་བྱེད་པའི་ངོས་ནས། འཆར་འགོད་ཀྱི《གྲོས་འགོའི》ཕྱོགས་9ཡི་ཐད་ཀྱི་ཞིབ་ཕྲའི་ནང་དོན་ལས། 2035ལོར་སླེབས་སྐབས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་འཆར་གཞི་ཡག་པོ་བཀོད་པ་སྟེ།

    རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྔར་བས་ཇེ་ཆེར་འགྲོ་རྒྱུ་དང་། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་རྒྱུ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་རྒྱུ། རྒྱལ་ཁབ་ཀྱི་རིག་གནས་ཀྱི་མཉེན་ཤུགས་མངོན་གསལ་དོད་པོས་ཆེ་རུ་གཏོང་རྒྱུ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་རྒྱུ། ཕྱི་ཕྱོགས་སྒོ་དབྱེའི་རྣམ་པ་གསར་པ་ཆགས་པ་བྱེད་རྒྱུ། མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དར་རྒྱས་འབྲིང་བའི་རྒྱལ་ཁབ་ཀྱི་ཆུ་ཚད་དུ་སླེབས་རྒྱུ། དུས་བདེའི་ཀྲུང་གོ་འཛུགས་སྐྲུན་གྱི་ཆུ་ཚད་དེ་བས་མཐོ་བར་སླེབས་རྒྱུ། མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་མངོན་གསལ་དོད་པོ་ཡོང་བ་བྱེད་རྒྱུ་ལ་སོགས་རེད།

    “ཀྲུང་གོའི‘ལོ་ལྔ་ཚན་བཅུ་བཞི་པའི’འཆར་འགོད་ལ་འབྱུང་འགྱུར་གྱི་སྟོན་ཕྱོགས་རང་བཞིན་ཆེན་པོ་ལྡན་ཞིང་། དེ་ནི་འབྱུང་འགྱུར་གྱི་ལོ་ལྔར་དམིགས་པ་ཞིག་མིན་པར་ཕུགས་ལ་དམིགས་པ་ཞིག་རེད”ཅེས་ལུའུ་ཐུའུ་ཧྲེ་གསར་འགྱུར་ཁང་གིས་དེ་ལྟར་གདེང་འཇོག་བྱས་ཡོད།

    ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གཞུང་ལས་ཁང་གི་རྒྱུན་གཏན་ལས་དོན་དོ་དམ་གྱི་ཀྲུའུ་རེན་གཞོན་པ་ཧན་ཝུན་ཤིའུ་ཡིས། འཆར་འགོད་ཀྱི《གྲོས་འགོའི》ནང“ལོ་ལྔ་ཚན་བཅུ་བཞི་པའི”འཕེལ་རྒྱས་གཙོ་གནད་དུ་བཞག་པ་མ་ཟད། 2035ལོའི་ཕུགས་ཀྱི་དམིགས་ཚད་ལའང་རྒྱང་ལྟ་བྱས་ཡོད། དེས་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་གྱིས་དུས་ཐུང་དང་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་དམིགས་ཚད་འབྲེལ་མཐུད་དང་། མཐུན་སྦྱོར། གཅིག་གྱུར་བཅས་བྱས་ཏེ་འཐབ་ཇུས་ཀྱི་གཅིག་གྱུར་རང་བཞིན་ཆེ་རུ་གཏོང་རྒྱུར་ཕན་པ་ཡོད་ཅེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།