[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་དཔྱིད་གསར་དུས་ཆེན་རིང་གི་ལས་རེས་མི་སྣར་འཚམས་འདྲི་གནང་བ།

    ཀྲོང་ཡན་ཞུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2023-01-25

    ཚེས་22ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་སྤྱི་ཁྱབ་ལས་རེས་ཁང་དང་། རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ། ལྷ་ས་གྲོང་ཁྱེར་མེ་ཟོན་ཉིང་ལག་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་ཆེན། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི། རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་གི་ཤར་སྒོའི་ཁོར་ཡུག་གཙང་སྦྲའི་ལས་སྒྲུབ་ས་ཚིགས་བཅས་སུ་ཕེབས་ཏེ། ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ནས་ལོ་གསར་ཚེས་གཅིག་ཉིན་ལས་གནས་བརྟན་པོ་སྲུང་མཁན་འཐབ་ཕྱོགས་ཁག་གི་ངལ་རྩོལ་པ་དང་ལས་རེས་མི་སྣར་འཚམས་འདྲི་གནང་བ་དང་འབྲེལ་ཁོང་ཚོར་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།

    ཀྲོང་ཡན་དང་། ལིའུ་ཅང་། ལི་ཝུན་ཀེ ཀྲང་ཧུང་པོ། ཝུའེ་ཤིའུ་ཁྲང་། ཚེ་རིང་ཕུན་ཚོགས། ཝང་ཀང་བཅས་ལྷན་དུ་ཕེབས་པ་རེད།

    རང་སྐྱོང་ལྗོངས་སྲིད་གཞུང་གི་སྤྱི་ཁྱབ་ལས་རེས་ཁང་དུ་ཡན་ཅིན་ཧའེ་ཡིས་ལས་རེས་ཁང་གི་ལས་རེས་དང་ལས་ཀའི་གནས་ཚུལ་སོགས་ཀྱི་སྙན་སེང་གསན་པ་དང་། ས་གནས་ས་ཐོག་ཏུ་ཕུ་མ་བྱང་ཐང་ཤང་དང་མཚོ་གཉིས་རྫོང་གི་ལས་རེས་ཁང་དང་སྦྲེལ་མཐུད་གནང་ནས་ལས་རེས་དང་ལས་རེས་སྣེ་ཁྲིད་མཁན་གྱི་གསོ་རླུང་དང་དྲོད་རླངས་མཁོ་འདོན་འགན་ལེན་གནས་ཚུལ་སོགས་བྱམས་བརྩེའི་ངང་བཀའ་འདྲི་གནང་ཞིང་། ཁོང་གིས་ཕུ་མ་བྱང་ཐང་ཤང་དང་མཚོ་གཉིས་རྫོང་ནི་འཛམ་གླིང་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་ཤང་དང་རྫོང་ཡིན་པས། ཚང་མ་དཀའ་ཚེགས་ཆེན་པོ་ཡོད། ཚང་མས་གཟུགས་པོར་བདག་གཅེས་དང་དཀའ་ངལ་ཁྱད་བསད་ཀྱིས་ལས་གནས་ཡག་པོ་སྲུང་བ་དང་ཞབས་འདེགས་ཡག་པོ་ཞུ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་རུ་ཡན་ཅིན་ཧའེ་ཡིས་ཆབ་མདོ་དང་། ནག་ཆུ། མངའ་རིས་བཅས་དང་བརྙན་ལམ་འབྲེལ་མཐུད་གནང་ནས་རྒྱ་ཆེའི་འཐབ་ས་དང་པོའི་ལས་རེས་བྱེད་བཞིན་པའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་རྒྱ་ཆེའི་བརྟན་ལྷིང་སྲུང་སྐྱོང་འཐབ་ཕྱོགས་ཀྱི་བློ་མཐུན་ཚོས་ཁྱིམ་ཆུང་བློས་བཏང་ནས་ཁྱིམ་ཆེན་སྐྱོང་བ་དང་ལས་གནས་བརྟན་སྲུང་དང་རང་འགན་གཙང་མ་སྒྲུབ་པས། མི་རིགས་ཁག་གི་མི་དམངས་མང་ཚོགས་གཞི་ནས་མཐུན་སྒྲིལ་དང་། འཆམ་མཐུན། བདེ་སྐྱིད་ལྡན་པ་བཅས་ཀྱི་ལོ་གསར་གཏོང་རྒྱུ་བྱུང་ཡོད་ཅེས་གསུངས། ཁོང་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ལྟར་ཉེན་བརྡ་རྒྱུན་སྒྲོག་དང་རྒྱུན་དུ་དོགས་ཟོན་བྱེད་པ། གྲུབ་འབྲས་དར་སྤེལ་དང་བསྟུད་མར་དམག་འཐབ་བརྒྱབ་སྟེ་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ལྷ་ས་གྲོང་ཁྱེར་མེ་ཟོན་ཉིང་ལག་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་ཆེན་དུ་ཡན་ཅིན་ཧའེ་ཡིས་མེ་ཟོན་སྐོར་སྐྱོད་བཀོད་འདོམས་རླངས་འཁོར་ལ་ཞིབ་བཤེར་གནང་ནས་མེ་ཟོན་རོགས་སྐྱོབ་སྒྲིག་ཆས་སྐོར་གྱི་ངོ་སྤྲོད་གསན་པ་དང་མཁའ་དབྱིངས་རོགས་སྐྱོབ་ནང་སྦྱོང་ལ་གཟིགས་པ་རེད། ཁོང་གིས་དུས་ཡུན་རིང་པོའི་ནང་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱིས་མི་དམངས་མང་ཚོགས་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་སར་འབད་འཐབ་བྱས་ཏེ་བཀོད་འདོམས་ལ་ཉན་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ། བློ་ཐག་ཆོད་པོས་བྱ་སྤྱོད་སྤེལ་བ་དང་ཐག་གཅོད་ནུས་ལྡན་བྱས་པས་དགོས་གཏུགས་དང་། དཀའ་ངལ། ཉེན་ཁ་བཅས་ཆེ་བའི་ལས་འགན་ཁག་ཕུན་སུམ་ཚོགས་པོས་ལེགས་པར་བསྒྲུབས་པ་དེ་ནི་བློས་འགེལ་ཆོག་པའི་ཀུན་ཐུབ་རོགས་སྐྱོབ་དཔུང་ཁག་ཅིག་རེད་ཅེས་གསུངས་ཤིང་། ཁོང་ཚོར་འཕྲལ་སྡོམ་རོགས་སྐྱོབ་ཀྱི་གཙོ་ཤུགས་དམག་གི་ནུས་པ་མུ་མཐུད་བཏོན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད།

    ཡན་ཅིན་ཧའེ་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིར་ཕེབས་ནས་གློག་དྲ་བཀོད་གཏོང་འཁོར་རྒྱུག་དང་གློག་ཤུགས་མཁོ་སྤྲོད་སོགས་ཀྱི་ལས་དོན་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སིས་དུས་ཡུན་རིང་པོའི་ནང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས། མཁོ་སྤྲོད་འདང་ངེས་དང་རིན་གོང་བརྟན་པོ་ཡོང་བར་འགན་ལེན་བྱས་ཏེ་དམངས་འཚོའི་གློག་སྤྱོད་མཐའ་ཚད་བརྟན་སྲུང་མཐའ་གཅིག་ཏུ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    དུས་ཆེན་འཆར་རིམ་བཞིན་ཁོར་ཡུག་གཙང་སྦྲའི་བཟོ་པ་ལས་བྲེལ་ཆེ་ཤོས་དང་ངལ་དུབ་ཆེ་ཤོས་ཀྱི་དུས་ཤིག་རེད། ཡན་ཅིན་ཧའེ་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་གི་ཤར་སྒོའི་ཁོར་ཡུག་གཙང་སྦྲའི་ལས་སྒྲུབ་ས་ཚིགས་སུ་ཕེབས་ནས་ཁོང་ཚོར་དཔྱིད་གསར་དུས་ཆེན་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུས་པ་རེད། ཁོང་གིས་ཁོར་ཡུག་གཙང་སྦྲའི་བཟོ་པ་ནི་གྲོང་ཁྱེར་གྱི“མཛེས་བཟོ་མཁན”ཞིག་ཡིན་པས། ཁྱེད་ཚོའི་དཀའ་སྤྱད་ངལ་རྩོལ་མེད་ན་གྲོང་ཁྱེར་གྱི་ཁོར་ཡུག་གཙང་ཞིང་མཛེས་པ་དང་གྲོང་མིའི་འཚོ་བ་གནས་བཟོད་བདེ་བ་ཞིག་ཡོང་མི་སྲིད། རྒྱ་ཆེའི་གྲོང་མི་ཚོས་ང་ཚོ་སྡོད་སའི་ཁོར་ཡུག་ལ་གཅེས་སྤྲས་བྱས་ཏེ་ང་ཚོའི་གྲོང་ཁྱེར་སྔར་བས་གཙང་ཞིང་མཛེས་པ་ཞིག་ཡོང་བའི་རེ་བ་ཡོད་ཅེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།