ཚེས་9ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས། ས་མཐོའི་ཁུལ་གྱི་ནུས་མང་གཡོས་སྦྱོར་གྱི་ཐབ་ཆས་ཐོན་ལས་འཕེལ་རྒྱས་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་རོགས་སྐྱོབ་དང་བསྙེན་བཀུར་སོགས་ཀྱི་དོན་གནད་ལ་ཞིབ་འཇུག་དང་རྒྱབ་སྐྱོར་གནང་བ་རེད།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། ས་མཐོའི་ཁུལ་གྱི་ནུས་མང་གཡོས་སྦྱོར་ཐབ་ཆས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་མང་ཚོགས་ཀྱི་རྒྱུན་གཏན་གྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་ཅིང་། དེ་ནི་ལྗོངས་ཏང་ཨུད་ཀྱིས་བཀོད་སྒྲིག་བྱས་པའི་གཙོ་གནད་ལས་དོན་ཞིག་རེད། མགྱོགས་མྱུར་ཐོན་ནུས་ཀྱི་ཐོན་ཚད་དུ་སླེབས་པ་བྱེད་དགོས། “སྤུས་ཚད་མཐོར་གཏོང་དང་མ་གནས་དམའ་རུ་གཏོང་བའི”ཐད་འབད་བརྩོན་བྱས་ནས། ནུས་པ་ཆ་ཚང་དང་། སྤུས་ཚད་ལེགས་པ། གོང་ཁེ་ལ་གོ་ཆོད་པ་བཅས་ཡོང་བར་བྱེད་དགོས།
མགྱོགས་མྱུར་ཁྱབ་གདལ་གཏོང་དགོས་ཤིང་། ཁྱབ་གདལ་གྱི་ཇུས་གཞིར་སྔོན་ལ་ཞིབ་འཇུག་དང་ཁྱབ་གདལ་བཏང་སྟེ་དྲ་ཐོག་དང་དྲ་ཕྱི་གཉིས་ཀས་ཐུན་མོང་ཐོག་ནུས་ཤུགས་བཏོན་ནས་མང་ཚོགས་ལ་ཕན་པ་དངོས་འཐོབ་པར་བྱེད་དགོས་ལ་འཛད་སྤྱོད་བྱེད་རྒྱ་ཆེ་རུ་ནུས་ལྡན་གཏོང་དགོས། མགྱོགས་མྱུར་འབྲེལ་མཐུད་བྱེད་དགོས་ཤིང་། ས་མཐོའི་ཁུལ་གྱི་ནུས་མང་གཡོས་སྦྱོར་གྱི་ཐབ་ཆས་ཐོན་ལས་འཕེལ་རྒྱས་གཏོང་བ་ཁྲིད་སྟོན་དུ་བྱས་ཏེ་སྔོན་ཐོན་གྱི་བཟོ་སྐྲུན་ལག་རྩལ་དང་ས་མཐོའི་མང་ཚོགས་ཀྱི་དགོས་མཁོ་ཟུང་འབྲེལ་དམ་ཟབ་བྱེད་དགོས།
ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཚོགས་རོགས་སྐྱོབ་ལས་གྲྭ་ནི་དམངས་འཚོའི་འདུ་འགོད་ཆེན་པོ་བཅུའི་གྲས་ཤིག་ཡིན་པ་དང་ཉེ་བའི་ལོ་ཤས་རིང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ལོ་མཇུག་ཏུ་སླེབས་སྐབས། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བའི་འགན་ལེན་བྱ་ཐབས་ཞིབ་འཇུག་བྱས་ནས་འདོན་པ་ནི་དུས་ལ་འཁེལ་བ་དང་ཧ་ཅང་དགོས་ངེས་ཤིག་རེད། གོམ་སྟབས་རྗེས་མར་འགན་ལེན་ཏན་ཏིག་བྱས་ཏེ། སྐྱོབ་དགོས་ངེས་ཚང་མ་སྐྱོབ་གང་ཐུབ་དང་དོན་འཁྱོལ་ཡག་པོ་བྱེད་དགོས། མ་མཐའི་འཚོ་བ་འགན་ལེན་བྱས་ནས། དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་ཁ་གསབ་དངུལ་སྔ་སྣུར་དུ་སྤྲད་དེ། དུས་བཀག་ལྟར་མ་དངུལ་ལེ་ལག་ཚང་བའི་གནས་ཚུལ་བརྡ་ཁྱབ་བཏང་ནས། རོགས་སྐྱོབ་མ་དངུལ་དུས་ཐོག་དང་གྲངས་ཚང་ངང་དཀའ་ངལ་ཡོད་པའི་མང་ཚོགས་ལ་སྤྲོད་པའི་འགན་ལེན་བྱེད་དགོས། མ་མཐའི་འཚོ་བ་འགན་ལེན་བྱས་ནས། དུས་བཀག་ལྟར་གྲངས་གཞི་སྣོལ་སྡེབ་དང་ཞིབ་བསྡུར་བྱས་ཏེ་རོགས་སྐྱོབ་བྱ་ཡུལ་འཕྱུགས་མེད་ངང་དབྱེ་འབྱེད་དང་འགན་ལེན་ཞབས་འདེགས་ཡག་པོ་ཞུ་དགོས། ཕྱོགས་ཁག་གི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ནས་སྤྱི་ཚོགས་རོགས་སྐྱོབ་ཀྱི་ནང་དོན་རྒྱ་ཆེར་བཏང་སྟེ་དངུལ་ལོར་ཁོ་ན་གཙོ་བོར་བྱེད་པ་ནས་ཞབས་འདེགས་དང་། ནུས་པ། གོ་སྐབས། ཁེ་དབང་། དེ་བཞིན་བསམ་པའི་རོགས་སྐྱོབ་གལ་ཆེ་མཉམ་དུ་བརྩི་བར་བསྒྱུར་ཏེ་མཐའ་སྐྱོང་འགན་ལེན་གྱི་ཕན་པ་དངོས་ཀྱི་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།
ཚོགས་འདུའི་ཐོག་བསྟན་དོན། སྤུས་ཚད་ཀྱི་ལས་དོན་རྨང་གཞིའི་རང་བཞིན་དང་། ཕུགས་ཀྱི་རང་བཞིན། འཐབ་ཇུས་ཀྱི་རང་བཞིན་བཅས་ཀྱི་ལས་དོན་ཞིག་ལ་བརྩིས་ནས་དམ་འཛིན་བྱས་ཏེ། སྤུས་ཚད་ལ་བརྟེན་ནས་ས་ཁུལ་སྟོབས་ཆེར་གཏོང་བར་མུ་མཐུད་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་བསྟན་དོན། མཐོ་རིམ་སློབ་གསོ་ཡག་པོ་གཉེར་བར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས་པ་དང་། “དོན་ཆེན་བཞི”དང“འཛུགས་གཏོད་བཞིར”དམིགས་པ། རང་བྱུང་རིག་པ་དང་། བཟོ་སྐྲུན་རིག་པ། ཞིང་ལས་རིག་པ། གསོ་བ་རིག་པ་སོགས་མཁོ་གལ་ཆེ་བའི་རིག་ཚན་བཀོད་སྒྲིག་ལྟེ་བར་བྱས་ནས། ཆེད་ལས་བཀོད་སྒྲིག་ལེགས་སྒྲིག་དང་ལེགས་སུ་གཏོང་བ་དང་། ཁ་ཐང་བའི་ཆེད་ལས་མགྱོགས་མྱུར་བཀོད་སྒྲིག བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འཚམ་པ་དང་འོས་འཚམ་སྔོན་བརྒལ་གྱི་མཐོ་རིམ་སློབ་གསོའི་མ་ལག་ཧུར་ཐག་འཛུགས་པ་བཅས་བྱེད་དགོས་པ་དང་ཤེས་ལྡན་པ་གསོ་སྐྱོང་དང་ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ཏེ། ཏང་གི་ཆེད་དུ་མི་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་མཐའ་འཁྱོངས་བྱས་ནས། བསམ་བློ་ཆབ་སྲིད་ཀྱི་ལས་དོན་དང་བསམ་བློའི་རིན་ཐང་སློབ་གསོ་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། མཐོ་སློབ་སློབ་ཐོན་སློབ་མ་བོད་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྔར་བས་ལེགས་པར་ཞུགས་པའི་འགན་ལེན་བྱེད་དགོས་པ། སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་དགོས་མཁོ་གལ་ཆེན་དང་རང་འགུལ་ངང་འབྲེལ་མཐུད་བྱེད་པ། མཐོ་སློབ་ཀྱི་རྨང་གཞིའི་ཞིབ་འཇུག་གཙོ་ཤུགས་དམག་དང་ཚན་རྩལ་གྱི་ཚད་བརྒལ་འབྱུང་གནས་གལ་ཆེན་གྱི་ནུས་པ་གང་ལེགས་འདོན་པ། མཐོ་སློབ་ཀྱིས་གསར་གཏོད་ལ་སྣེ་ཁྲིད་དང་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ནུས་པ་གལ་ཆེན་ཏན་ཏིག་འདོན་པ་བཅས་བྱེད་དགོས།