[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝུའུ་དབྱིང་ཅེ།
  • ལྗོངས་ཏང་ཨུད་རྩིས་བཤེར་ཨུ་ལྷན་གྱི་ཚོགས་འདུ་ལྷ་སར་འཚོགས་པ།

    ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-14

    ཚེས་12ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ལྷ་སར་འཚོགས་པ་རེད། ཚོགས་འདུའི་ལས་འགན་གཙོ་བོ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། རྩིས་བཤེར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ། འབྲེལ་ཡོད་ཞིབ་ཕྲའི་དོན་གནད་ལ་ཞིབ་འཇུག་བཅས་བྱ་རྒྱུ་དེ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལྗོངས་ཏང་ཨུད་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཝང་ཝུའེ་ཏུང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཝུན་ཧན་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

    ཚོགས་འདུའི་ཐོག《ནན་ཅིང་རྩིས་བཤེར་སློབ་ཆེན་གྱིས་ཁ་ཕྱོགས་གཏན་འཁེལ་གྱི་སྒོ་ནས་སློབ་མ་གསོ་སྐྱོང་བྱེད་པའི་འབྲེལ་ཡོད་གནས་ཚུལ་སྐོར་གྱི་སྙན་ཞུ》དང་། 《དཔལ་འབྱོར་འགན་འཁྲིའི་རྩིས་བཤེར་ལས་དོན་གྱི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་ཀྱི་བཟོ་བཅོས་གསལ་བཤད》《བོད་རང་སྐྱོང་ལྗོངས་ཀྱི་2018ལོ་འཁོར་གྱི་རིམ་པ་འདི་གའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གཞན་དག་གི་རྩིས་བཤེར་ནང་ཞིབ་བཤེར་ཐུབ་པའི་གནད་དོན་དག་ཐེར་དོན་འཁྱོལ་གྱི་གནས་ཚུལ་སྐོར་གྱི་སྙན་ཞུ》བཅས་ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་བ་རེད།

    ཚང་མའི་གཏམ་བཤད་གསན་རྗེས། ཝུའུ་དབྱིང་ཅེས་གསུང་བཤད་གནང་ཞིང་། ཁོང་གིས་རྩིས་བཤེར་ལས་དོན་ནི་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་གི་གྲུབ་ཆའི་ཆ་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྩིས་བཤེར་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་གནང་ནས་སྔ་རྗེས་སུ་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བས་རྩིས་བཤེར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་གྲུབ་ཡོད། འདི་ནི་རྩིས་བཤེར་ལས་དོན་ལ་སྣེ་ཁྲིད་བྱེད་པའི་བསམ་བློའི་མཚོན་ཆ་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་རེད། ང་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་དང་གོ་བ་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱི་ངོ་བོ་ཁོང་དུ་གནད་འཁེལ་ཆུད་པར་བྱས་ཏེ་ལྗོངས་ཡོངས་ཀྱི་རྩིས་བཤེར་ལས་དོན་ཆུ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྣེ་ཁྲིད་བྱེད་དགོས་ཞེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་རྩིས་བཤེར་ཨུ་ཡོན་ལྷན་ཁང་བཙུགས་པ་ནས་བཟུང་། ལྗོངས་ཡོངས་ཀྱི་རྩིས་བཤེར་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ལྗོངས་ཏང་ཨུད་རྩིས་བཤེར་ཨུ་ལྷན་གཞུང་ལས་ཁང་དང་རིམ་ཁག་རྩིས་བཤེར་ལས་ཁུངས་ཀྱིས་གདེང་ཚོད་བརྟན་དུ་གཏོང་བ་དང་། ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། ལས་དོན་གྱི་མྱུར་ཚད་མགྱོགས་སུ་གཏོང་བ་བཅས་བྱས་ནས་འདི་ལོའི་ལས་འགན་ཁག་ལེགས་འགྲུབ་བདེ་བླག་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་སྟེ།

    གཅིག་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་རྩིས་བཤེར་ལས་དོན་གྱི་ཕྱོགས་ཁག་དང་ལྷུ་ཚིགས་ཁག་ཏུ་དོན་འཁྱོལ་ཐུབ་པ་བྱེད་དགོས། རང་རྟོགས་ངང“སྲུང་སྐྱོང་གཉིས”སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐར་ཕྱིན་བྱེད་པའི་བྱ་སྤྱོད་ཐད་ནས་མངོན་པ་དང་། འགན་འཁྲི་གཙང་སྒྲུབ་དང་མཐའ་སྐྱོང་བོད་བརྟན་གྱི་ལས་དོན་ལེགས་པར་སྒྲུབ་པའི་ཕན་འབྲས་ཐད་ནས་མངོན་པ། ཏང་གིས་རྩིས་བཤེར་ལས་དོན་ལ་འགོ་ཁྲིད་བྱེད་པའི་ལམ་ལུགས་དང་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་རྩིས་བཤེར་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། རིམ་ཁག་རྩིས་བཤེར་ཨུ་ལྷན་གྱིས་སྤྱི་འདོམས་མཐུན་སྦྱོར་དང་ལྟ་སྐུལ་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་དགོས། འགན་ཁུར་བློ་མཐུན་གཙོ་བོས་དངོས་འཛིན་དངོས་སྒྲུབ་དང་དམ་འཛིན་ཡག་པོ་དང་དོ་དམ་ཡག་པོ་བྱེད་དགོས། རིམ་ཁག་རྩིས་བཤེར་ལས་ཁུངས་ཀྱིས་དོན་གནད་གལ་ཆེན་དགོངས་སྐོར་སྙན་ཞུའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་ཏང་ཀྲུང་དབྱང་གི་སྲིད་བཀོད་ལུང་དུ་འགྲོ་བ་དང་གང་གསུང་དེ་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས།

    གཉིས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་དུས་རབས་གསར་པའི་རྩིས་བཤེར་ལས་དོན་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་རྒྱུན་ཆད་མེད་པར་གཏོང་དགོས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བྱ་ཐབས་ཞིབ་ཕྲ་དང་སྒུལ་ཤུགས་ཆེན་པོར་གྱུར་པར་བྱས་ཏེ། རྒྱུན་ཆད་མེད་པར་རྩིས་བཤེར་ལས་དོན་ལ་མཛུབ་ཁྲིད་དང་སྐུལ་འདེད་གཏོང་བར་སྤྱོད་དགོས། བོད་ཀྱི་དོན་དངོས་ལ་གཞི་ཚུགས་ནས་ཉེ་ལམ་ལོ་ཤས་རིང་གི་རྩིས་བཤེར་ལས་དོན་གྱི་ཉམས་མྱོང་དང་བྱ་ཐབས་བཟང་པོར་གསེད་བཀྲོལ་དང་། ཕྱོགས་སྡོམ། གདམ་གསེས་བཅས་ནན་ཏན་བྱས་ནས་གནད་སྨིན་གྱི་ཉམས་མྱོང་དང་བྱ་ཐབས་ལམ་ལུགས་ལ་འགྱུར་བར་བྱེད་དགོས།

    གསུམ་ནས་ཁྲིམས་བཞིན་རྩིས་བཤེར་དང་ཡོངས་ཁྱབ་རྩིས་བཤེར་བྱས་ཏེ་རྒྱལ་ཁབ་ཀྱི་རྒྱུ་ནོར་སྲུང་མཁན་དང་དཔལ་འབྱོར་གྱི་བདེ་འཇགས་སྐྱོང་མཁན་ཡག་པོ་ཞིག་བྱེད་དགོས། ཁྲིམས་སྐྱོང་ལ་བརྟེན་ནས་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ་ཁྲིམས་སྐྱོང་གི་བསམ་གཞི་དང་ཁྲིམས་སྐྱོང་བྱེད་སྟངས་རང་རྟོགས་ངང་སྤྱད་དེ་དཀའ་གནད་བསལ་བ་དང་ལས་དོན་གསར་གཏོད་བྱས་ནས་ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་གི་འགྲོ་ལམ་དུ་རྩིས་བཤེར་ལས་དོན་ལ་སྐུལ་འདེད་གཏོང་དགོས། ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་འགན་འཁྲི་གཅིག་པར་རྩིས་བཤེར་གཅིག་མཚུངས་མཐའ་འཁྱོངས་བྱས་ཏེ་སྤྱི་པའི་མ་དངུལ་དང་། གཞུང་ཁོངས་རྒྱུ་ནོར། གཞུང་ཁོངས་ཐོན་ཁུངས། འགོ་ཁྲིད་ལས་བྱེད་པས་དཔལ་འབྱོར་གྱི་འགན་འཁྲི་སྒྲུབ་ཚུལ་བཅས་ལ་ཡོངས་ཁྱབ་རྩིས་བཤེར་བྱས་ནས། རྩིས་བཤེར་བྱེད་དགོས་རིགས་ལ་རྩིས་བཤེར་དང་། རྩིས་བཤེར་བྱེད་རིགས་ལ་ནན་པོ་བྱེད་པ། འགན་འཁྲི་བདའ་འདེད་ནན་པོ་བཅས་བྱེད་དགོས། ཐོན་པའི་གནད་དོན་བཅོས་སྒྲིག་དང་མ་ཐོན་གནད་དོན་སྔོན་འགོག་མཐའ་འཁྱོངས་བྱས་ཏེ་རྩིས་བཤེར་བྱས་འབྲས་སྤྱོད་པར་ཤུགས་སྣོན་དང་ལྟ་སྐུལ་གྱི་མཉམ་ཤུགས་ཆགས་པར་བྱས་ཏེ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་ལམ་སྲོལ་འཛུགས་དགོས། རིམ་པ་ཁག་དང་སྡེ་ཚན་ཁག རིམ་ཁག་ཏང་ཡོན་འགོ་ཁྲིད་དང་ལས་བྱེད་པས་རྩིས་བཤེར་གྱི་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ཏེ་ཁྲིམས་བཞིན་རང་རྟོགས་ངང་རྩིས་བཤེར་གྱི་ལྟ་སྐུལ་དང་ལེན་བྱེད་དགོས།

    བཞི་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། རྩིས་བཤེར་གྱི་ལས་དོན་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་ལ་ཁྱབ་པར་བྱེད་དགོས། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་དང་། སྟབས་བདེ་དང་ཕན་པ་མང་ཚོགས་ལ་བསྐྲུན་རྒྱུ་མཐའ་འཁྱོངས་བྱས་ཏེ་དམངས་འཚོའི་མ་དངུལ་དང་རྣམ་གྲངས་གཙོ་བོ་དང་། དབུལ་སྒྲོལ་འགག་སྒྲོལ། ཀྲུང་དབྱང་གི་གཟིགས་སྐྱོང་སྲིད་ཇུས་བཅས་དོན་འཁྱོལ་གྱི་གནས་ཚུལ་ལ་རྩིས་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་སྲུང་སྐྱོང་ཡག་པོ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས།

    ལྔ་ནས་རྩིས་བཤེར་ལས་ཁུངས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་རྩིས་བཤེར་ལས་དོན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་གཅིག་འདོམས་མཐའ་འཁྱོངས་བྱས་ཏེ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བ་དེ་ཏང་འཛུགས་སྐྱོང་གི་རྒྱུན་གཏན་གྱི་ཞིབ་འཇུག་བྱ་གཞི་དང་རྩིས་བཤེར་ལས་བྱེད་པའི་ཚེ་གང་གི་ཞིབ་འཇུག་བྱ་གཞིར་བརྩིས་ནས། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་བ་བཅས་ཀྱི་རྩིས་བཤེར་ལས་བྱེད་པའི་ཆབ་སྲིད་ཀྱི་ཀུན་སྤྱོད་ལ་ཞུན་བརྡར་ལྷོད་མེད་སྤྲོས་དགོས། ཚན་རྩལ་ལ་བརྟེན་ནས་རྩིས་བཤེར་སྒྲིག་གཞི་སྟོབས་ཆེར་གཏོང་བའི་ལམ་དུ་སྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ། གྲངས་གཞི་ཆེ་མོའི་རྩིས་བཤེར་གྱི་འཇོན་ཐང་ཆེ་རུ་ཧུར་ཐག་གཏོང་དགོས། རྩིས་བཤེར་གྱི་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་དད་སེམས་བརྟན་པ་དང་། ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་བཟང་བ། སྲིད་གཙང་སྤྱོད་གཙང་བཅས་ཀྱི་རྩིས་བཤེར་ལས་བྱེད་པའི་དཔུང་ཁག་ཅིག་ཧུར་ཐག་གཏོད་དགོས། “ཟབ་ཏུ་གཏོང་དགོས་པ་གསུམ”མཐའ་འཁྱོངས་བྱས་ཏེ་ཏང་ལ་དོ་དམ་དང་ཏང་འཛུགས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་ཏན་ཏིག་དང་རྩིས་བཤེར་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་གཏོད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།