[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝུའུ་དབྱིང་ཅེ།
  • ཝུའུ་དབྱིང་ཅེས་ཀྲུང་གོའི་གསར་འགོད་པའི་དུས་ཆེན་ཐེངས་ཉི་ཤུ་པར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ལ་བོད་ཀྱི་གསར་འགྱུར་གླེང་ཕྱོགས་འཐབ་ཕྱོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-11

    ཟླ་11ཚེས་7ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཀྲུང་གོའི་གསར་འགོད་པའི་དུས་ཆེན་ཐེངས་ཉི་ཤུ་པར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུའི་ཐོག གསར་འགྱུར་གླེང་ཕྱོགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་ནན་ཏན་བྱས་ཏེ། ཏང་གི་སྲིད་ཇུས་དང་འདོད་ཚུལ་བརྒྱུད་བསྒྲགས་བྱེད་མཁན་དང་། དུས་རབས་འགྱུར་ལྡོག་གི་ཟིན་ཐོ་འགོད་མཁན། སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་མཁན། གཞུང་དྲང་དྲང་བདེན་སྲུང་སྐྱོང་བྱེད་མཁན་བཅས་བྱས་ཏེ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ཕྱར་བ་གྲུ་འདེགས་ཀྱིས་སྐུལ་འདེད་གཏོང་བའི་མཉམ་ཤུགས་དང་སྒུལ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་ཞེས་ནན་བཤད་གནང་བ་རེད།

    ཧྲུའུ་ཅི་ཝུའུ་དབྱིང་ཅེའི་གསུང་བཤད་དེར་རང་ལྗོངས་ཀྱི་གསར་འགྱུར་གླེང་ཕྱོགས་འཐབ་ཕྱོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཞིང་། ཚང་མས། ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཐུགས་ཁུར་དེ་རང་ལྗོངས་ཀྱི་གསར་འགྱུར་གླེང་ཕྱོགས་ཀྱི་ལས་དོན་སྔར་བས་ཡག་པོ་སྒྲུབ་རྒྱུའི་སྒུལ་ཤུགས་སུ་འགྱུར་བ་བྱས་ནས་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་བྱེད་ཕྱོགས་ལག་བསྟར་ནན་ཏན་བྱེད་པ་དང་། དོན་དངོས་དང་ཉེ་བཅར་དང་། འཚོ་བ་དང་ཉེ་བཅར། མང་ཚོགས་དང་ཉེ་བཅར་བཅས་མཐའ་འཁྱོངས་བྱས་ཏེ། ལག་ཐོག་གི་སྨྱུ་གུ་དང་བརྙན་ལམ་ལ་བརྟེན་ནས་རླབས་ཆེན་གྱི་དུས་རབས་དྲིལ་བསྒྲགས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཡེ་ཤེས་རྒྱ་མཚོ་གསར་འགྱུར་ལས་དོན་བསྒྲུབས་ནས་ལོ་30ཙམ་འགྲོ་ཡི་ཡོད། ཁོང་གིས“མར་དང་རྩམ་པའི་བྲོ་བ་ལྡན་པའི”གསར་འགྱུར་འབོར་ཆེན་འབྲི་མྱོང་ལ། ཁུང་ཧྥན་སེན་གྱི་སྔོན་ཐོན་བྱས་རྗེས་སོགས་དྲིལ་བསྒྲགས་འཕྲིན་སྤེལ་ལས་དོན་ནང་ལེགས་སྐྱེས་མངོན་གསལ་དོད་པོའང་ཕུལ་མྱོང་ཡོད། ཁོང་གིས“ཉེ་བའི་ལོ་ཤས་རིང་། ཧྲུའུ་ཅི་ཝུའུ་དབྱིང་ཅེས་པན་ཀྲང་གནང་བའི་ལྗོངས་ཏང་ཨུད་ཀྱིས་གསར་འགྱུར་གླེང་ཕྱོགས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། གསར་འགྱུར་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བ་དང་། སྨྱན་སྦྱོར་ལས་དོན་པར་ཐུགས་ཁུར་དང་དགའ་གཅེས་གནང་སྟེ། ལྗོངས་ཡོངས་ཀྱི་གསར་འགྱུར་བྱ་གཞག་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད”ཅེས་བཤད། ཁོང་གིས་རོགས་ལས་དམ་ཟབ་བྱེད་དགོས་པའི་གསར་འགྱུར་ལས་དོན་གྱི་ངོས་ནས་བརྗོད་ན། ལས་ཀ་དེར་བཞུགས་པའི་མི་སྒེར་ལ་བྱ་གཞག་ཁྲོད་ཐོབ་པའི་བྱ་དགའ་དང་གཟི་བརྗིད་མཚན་སྙན་ཚང་མ་རང་ཉིད་ཁོ་ནར་དབང་བ་ཙམ་མ་ཡིན་པར་དེའི་ནང་གི་རྩ་འཛུགས་དང་། བསླབ་པ་རྒན་གྲས། དཔུང་པ་མཉམ་གཤིབ་ངང་འབད་འཐབ་བྱེད་མཁན་ལས་རོགས་པ་བཅས་ཆ་ཚང་ལ་དབང་བ་ཞིག་རེད། ང་ཚོས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོར་སྲུང་བ་དང་། བླ་ན་མེད་པའི་ལས་རིགས་ཀྱི་སྙིང་སྟོབས་དང་སྤྱི་ཚོགས་ཀྱི་འགན་འཁྲི་ཆེན་པོ་བློ་ལ་བཅངས་ཚེ། གཞི་ནས་ཏང་དང་རྒྱལ་ཁབ་ཀྱི་ཡིད་ཆེས་ཆུད་ཟོས་སུ་མི་འགྲོ་བ་མ་ཟད། སྤྱི་ཚོགས་ཀྱི་བརྩི་འཇོག་དང་མི་དམངས་ཀྱི་བསྔགས་བརྗོད་ཐོབ་སྲིད་ཅེས་བཤད་པ་རེད།

    ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁབ་ལས་ཁུངས་བོད་སྐད་རླུང་འཕྲིན་ལྟེ་གནས་ལྷ་ས་རྩོམ་སྒྲིག་པུའི་གསར་འགོད་པ་བློ་བཟང་རྒྱ་མཚོས་མང་ཚོགས་ཚོས་ལྟ་འདོད་ལ་ཉན་སྤྲོ་བའི་སྐད་ཆའི་ཐོག་ནས་འཕྲིན་སྤེལ་བྱས་ཏེ། དུས་ཡུན་རིང་པོའི་ནང་ཏང་གི་མཛད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་དང་རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་དགའ་འོས་པའི་འགྱུར་ལྡོག་འཕྲིན་སྤེལ་བྱེད་མྱོང་བ་རེད།

    མངའ་རིས་ཚགས་པར་ལས་ཁུངས་ཀྱི་རྩོམ་སྒྲིག་པ་གཙོ་བོ་གཞོན་པ་ལིའུ་ཞའོ་ཅུན་གྱིས“ང་ཚོས་ཐོག་མཐའ་བར་གསུམ་དུ་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་མཛུབ་སྟོན་གྱི་དགོངས་དོན་དང་བཀོད་སྒྲིག་བླང་བྱར་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས་པ་མ་ཟད། སྲོལ་རྒྱུན་སྨྱན་སྦྱོར་ཡག་པོ་སྤྱོད་པ་དང་། གསར་དར་སྨྱན་སྦྱོར་སྟངས་འཛིན་བྱེད་པ། བརྒྱུད་བསྒྲགས་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་དང་སྒུལ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས”ཞེས་བཤད་པ་རེད།

    གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་ཨུད་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་རྡོ་རྗེ་དངོས་གྲུབ་ཀྱིས་དྲིལ་བསྒྲགས་བསམ་བློའི་འཐབ་ཕྱོགས་ཀྱི་ལས་དོན་པ་ཞིག་གི་ངོས་ནས་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་ཏེ། སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ལས་དོན་དང་གསར་འགྱུར་དྲིལ་བསྒྲགས་འཕྲིན་སྤེལ་གྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བླ་སྲོག་གཏོད་པ་དང་མི་སྣ་སྐྱོང་བ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་ཧུར་ཐག་བཏོད་དེ་གསར་འགྱུར་དྲིལ་བསྒྲགས་ལས་དོན་གྱི་ཕན་འབྲས་མཐོ་རུ་ཧུར་ཐག་གཏོང་དགོས་ཞེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།