[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝུའུ་དབྱིང་ཅེ།
  • ཧྲང་ཧའེ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པས་བོད་དུ་བོད་སྐྱོར་ལས་དོན་ལ་བརྟག་ཞིབ་གནང་བ།

    ལི་ཆང་གིས་རུ་སྣེ་ཁྲིད་པ་དང་། ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན་བཅས་བཞུགས་མོལ་ ཚོགས་འདུར་ཞུགས་པའམ་ཡང་ན་བརྟག་ཞིབ་ལ་ལྷན་དུ་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-19

    ཟླ་8ཚེས་15དང་16ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཆང་གིས་ཧྲང་ཧའེ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པའི་རུ་སྣེ་ཁྲིད་དེ་བོད་དུ་ཁ་གཏད་བོད་སྐྱོར་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་པ་དང་འབྲེལ་རྒྱ་ཆེའི་བོད་སྐྱོར་ལས་བྱེད་པར་བྱམས་བརྩེའི་ངང་གཟིགས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་བཟང་རྒྱལ་མཚན་དང་། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པའམ་ཡང་ན་བརྟག་ཞིབ་ལ་ལྷན་དུ་ཕེབས་པ་རེད།

    ཚེས་15ཉིན་གྱི་ཕྱི་དྲོ་འཚོགས་པའི་ཧྲང་ཧའེ་ཡིས་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་ལི་ཆང་གིས་ཧྲང་ཧའེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་དུས་ཡུན་རིང་པོའི་ནང་བོད་རང་སྐྱོང་ལྗོངས་ཀྱིས་ཧྲང་ཧའེ་ལ་རྒྱབ་སྐྱོར་རོགས་སྐྱོར་དང་ཧྲང་ཧའེ་ཡི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣར་སེམས་ཁུར་དང་གཅེས་སྐྱོང་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཏང་ཀྲུང་དབྱང་གིས་གཞིས་རྩེར་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་འགན་ཧྲང་ཧའེ་ལ་སྤྲད་པ་ནི་ཧྲང་ཧའེ་ལ་ཡིད་ཆེས་གནང་བ་ཞིག་རེད་ལ། དེ་བས་ཀྱང་ཧྲང་ཧའེ་ཡི་གཟི་བརྗིད་རེད། ཧྲང་ཧའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ངེས་པར་དུ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ཁ་གཏད་བོད་སྐྱོར་གྱི་ལས་འགན་ཁག་ནུས་ཤུགས་ཡོད་རྒུ་དང་ཆད་ལུས་མེད་པའི་སྒོ་ནས་ཡག་པོ་བསྒྲུབ་རྒྱུ་ཡིན། གཞིས་རྩེས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་རོགས་རམ་བྱེད་པ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་གནད་སྨིན་དོ་ཁུར་བྱས་ཏེ་ས་གནས་དེ་གའི་བློ་མཐུན་དང་མཉམ་དུ་དམག་འཐབ་དྲག་པོ་དེར་རྒྱལ་ཁ་ལེན་པ་དང་ཡག་པོ་རྒྱག་རྒྱུ་ཡིན།ཧྲང་ཧའེ་དང་བོད་ལྗོངས་གཉིས་དབར་གྱི་འགྲོ་འོང་གི་ལོ་རྒྱུས་རིང་བ་དང་ས་གནས་གཉིས་ཀྱི་མི་དམངས་དབར་བརྩེ་སེམས་ཟབ་པས་འབྱུང་འགྱུར་མཉམ་ལས་ཀྱི་མི་མངོན་པའི་ནུས་པ་ཧ་ཅང་ཆེ་ལ། བར་མཐོངས་ཡང་ཆེན་པོ་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲང་ཧའེ་ལ་སྤྲད་གནང་བའི་ལས་འགན་གསར་པ་ཆེན་པོ་ཁག་གསུམ་ནི། ཧྲང་ཧའེ་རང་ངོས་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་ཞིག་ཡིན་ལ། ཧྲང་ཧའེ་ཡིས་རྒྱལ་ཡོངས་ལ་ཞབས་འདེགས་དེ་བས་ལེགས་པར་ཞུ་བའི་ལས་སྟེགས་གལ་ཆེན་ཞིག་ཀྱང་རེད། ཧྲང་ཧའེ་དང་བོད་ལྗོངས་གཉིས་དབར་སྤེལ་རེས་མཉམ་ལས་སྔར་བས་ཟབ་ཏུ་གཏོང་བ་དང་། རང་རང་གི་ལེགས་ཆ་འདོན་སྤེལ་བྱེད་པ། ཁྲོམ་ར་དང་། ཁེ་ལས། ཐོན་ལས་གསུམ་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། ཞིང་ལས་དང་། ཡུལ་སྐོར། རིག་གནས། ཤེས་ལྡན་མི་སྣ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་དེ་བས་ལེགས་པར་ཞུ་བའི་ཁྲོད་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་ལག་གདང་སྦྲེལ་ནས་ཐུན་མོང་ཡར་རྒྱས་ཡོང་བའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ནས། ཧྲང་ཧའེ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པ་བོད་དུ་བོད་སྐྱོར་ལས་དོན་ལ་རྟོག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་། དུས་ཡུན་རིང་པོའི་ནང་ཧྲང་ཧའེ་གྲོང་ཁྱེར་གྱིས་བོད་ལ་སྒེར་སེམས་མེད་པར་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།

    ཝུའུ་དབྱིང་ཅེས་ཧྲང་ཧའེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་དང་གྲོང་ཁྱེར་ཡོངས་ཀྱི་མི་དམངས་ཀྱིས་སྔར་རྒྱུན་བཞིན་བོད་ཀྱི་བྱ་གཞག་ཁག་གི་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་དང་། གྲོང་གསེབ་དར་རྒྱས། ཐོན་ལས་འཕེལ་རྒྱས། ལས་གཏོད་ལས་ཞུགས། ཚན་རྩལ་གསར་གཏོད། དཔལ་འབྱོར་མཉམ་ལས་སོགས་ལ་རྒྱབ་སྐྱོར་གང་མང་དང་གཟིགས་སྐྱོང་གང་མང་བྱས་ཏེ། བོད་ཀྱིས་ལས་དོན་ཁག་དེ་བས་ཡག་པོ་བསྒྲུབ་རྒྱུར་རོགས་རམ་བྱེད་རྒྱུའི་རེ་བ་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཧྲང་ཧའེ་གྲོང་ཁྱེར་གྱི་རོགས་སྐྱོར་ལ་གཅེས་འཛིན་ལྡབ་བརྒྱ་བྱས་ཏེ། ཧྲང་ཧའེ་གྲོང་ཁྱེར་གྱི་རོགས་སྐྱོར་མ་དངུལ་བེད་སྤྱོད་དང་རྣམ་གྲངས་དོན་འཁྱོལ་ཡག་པོ་བྱས་ནས་ཧྲང་ཧའེ་ཡི་བོད་སྐྱོར་ལས་དོན་ལ་ཆ་རྐྱེན་བཟང་པོ་སྐྲུན་པ་དང་འགན་ལེན་ནུས་ལྡན་བྱེད་རྒྱུ་ཡིན། ཧྲང་ཧའེ་ཡི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣར་སྔར་རྒྱུན་བཞིན་སེམས་ཁུར་དང་། གཅེས་སྐྱོང། རྒྱབ་སྐྱོར་བཅས་བྱས་ཏེ་ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་ནུས་པ་འདོན་སྤེལ་ཐུབ་རྒྱུར་ཆ་རྐྱེན་དེ་བས་ཡག་པ་བསྐྲུན་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཚེས་16ཉིན། ལི་ཆང་གིས་རུ་སྣེ་ཁྲིད་པའི་འཐུས་མི་ཚོགས་པ་དང་བཅས་པ་གཞིས་རྩེར་ཕེབས་འབྱོར་ཟིན་ནས། ཧྲང་ཧའེ་ཡི་ཁ་གཏད་རོགས་སྐྲུན་གྱི་རྣམ་གྲངས་ལ་ས་ཆ་དངོས་སུ་གཟིགས་ཞིབ་གནང་བ་དང་སྦྲགས། དཀའ་ངལ་ཡོད་པའི་ཁྱིམ་ཚང་དུ་ཕེབས་ནས་མང་ཚོགས་ཀྱི་དགོས་མཁོ་མཁྱེན་རྟོགས་དང་བསམ་འཆར་དང་གྲོས་འགོ་གསན་པ་རེད།

    ཧྲང་ཧའེ་ཡི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཁག་དགུ་པར་གཟིགས་སྐབས། ལི་ཆང་གིས་གཞིས་རྩེར་ཁ་གཏད་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་ཧྲང་ཧའེ་ལ་སྤྲད་པའི་གཟི་བརྗིད་ལྡན་པའི་འགན་འཁྲི་ཞིག་ཡིན་པས། ཚང་མས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་གྱིས། ཤེས་སྦྱོར་གཅིག་མཐུན་དང་ལག་ལེན་དངོས་སྒྲུབ་ཐད་ཤུགས་རྒྱག་པ་དང་འགག་སྒྲོལ་དཀའ་སེལ་གྱི་སྙིང་སྟོབས་ཐོག་ནས་སྤྲོ་སེམས་འཕེལ་བའི་ངང་བོད་སྐྱོར་བྱ་གཞག་ལ་ཞུགས་ཏེ་ས་གནས་དེ་གར་བྱ་བ་བཟང་པོ་དང་བྱ་བ་དངོས་མང་ཙམ་བསྒྲུབས་ནས་ས་གནས་དེ་གའི་མང་ཚོགས་ལ་ཐོབ་ཚོར་དེ་བས་མང་བ་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།