[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝུའུ་དབྱིང་ཅེ།
  • ཝུའུ་དབྱིང་ཅེས་མཛོ་སྒང་དང་སྨར་ཁམས་སུ་ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-29

    646427_yis_1564288172823_b.jpg

    འདི་ནི་ཝུའུ་དབྱིང་ཅེས་སྨར་ཁམས་རྫོང་རོང་སྨད་གྲོང་རྡལ་གྲུ་ཁ་འབྱོར་འབྲིང་དཔེ་སྟོན་གྲོང་ཚོར་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་དང་སྤེལ་རེས་གནང་བཞིན་པ།

    ཚེས་26ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་དང་སྨར་ཁམས་རྫོང་དུ་ཕེབས་ནས་ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་ཞིང་། 

    འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་ཟླ་7ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་དང་སྨར་ཁམས་རྫོང་དུ་ཕེབས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་བརྒྱུད་བསྒྲགས་གནང་བ་མ་ཟད། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་དང་། ཐོན་ལས་འཕེལ་རྒྱས། གྲོང་གསེབ་དར་རྒྱས་སོགས་ཀྱི་ལས་དོན་ལ་ཆེད་དོན་བརྟག་ཞིབ་ཀྱང་གནང་བ་རེད།

    བརྟག་ཞིབ་གནང་རིང་། ཝུའུ་དབྱིང་ཅེ་མཛོ་སྒང་རྫོང་ཝ་མདའ་གྲོང་རྡལ་ལྷ་མདའ་གྲོང་ཚོའི་ཁྲེང་ཀུང་ཧུང་ཐེན་ལུའུ་རྒུན་འབྲུམ་ཨ་རག་བཟོ་གྲྭར་ཕེབས་ནས་བཟོ་གྲྭའི་འཆར་འགོད་འཛུགས་སྐྲུན་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་བརྙན་ལམ་ཐོག་ནས་མུའུ་ཁྲི་ཡོད་པའི་རྒུན་འབྲུམ་འདེབས་འཛུགས་གནས་ཚུལ་ལ་གཟིགས་ཏེ་མཛོ་སྒང་རྫོང་གིས་ས་གནས་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་རྒུན་འབྲུམ་འདེབས་འཛུགས་ལས་རིགས་འཕེལ་རྒྱས་བཏང་བ་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ལས་ཞུགས་ཐག་གཅོད་བྱས་པའི་ལས་ཀའི་བསམ་ཕྱོགས་ལ་ཁས་ལེན་གནང་བ་རེད། སྨར་ཁམས་རྫོང་ཐོན་ལས་གླིང་དུ་ཕེབས་ནས་ཝུའོ་ཧྥུའུ་ཞིང་ཞོར་ཐོན་རྫས་ཚད་ཡོད་ཀུང་སིའི་ཉུང་མ་དང་བཟའ་བཅའི་ཤ་མོ་བཟོ་གྲྭར་གཟིགས་ཞིབ་གནང་བ་མ་ཟད། ད་དུང་སྨར་ཁམས་ལྷད་མེད་བཟའ་བཅའ་ཚད་ཡོད་ཀུང་སིའི་ཟུར་བདེ་ཤོད་སུར་པན་ཐོན་རྫས་ཀྱི་ཐོན་སྐྱེད་ལས་སྣོན་གནས་ཚུལ་དང་འགུ་ཆུའི་ཞིང་ཞོར་ཐོན་རྫས་ནས་ལས་སྣོན་གྱི་ཕྱིར་འཚོང་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཁོང་གིས། ཞིང་འབྲོག་པ་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་དང་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་དང་། ཕ་ཡུལ་ནས་ཁ་མི་འབྲལ་བ་དང་རང་ཡུལ་ནས་ཁ་མི་འབྲལ་བ། བྱེད་ཤེས་པ་དང་འཇོན་པ་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ“རྫོང་གཅིག་ལ་སྤུས་རྟགས་གཅིག”དང་དབུལ་སྒྲོལ་འགག་སྒྲོལ་དབར་འབྲེལ་བ་ཡོད་པ་བྱེད་པ་དང་། ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱེད་པ་དང་ཟུར་བསྣན་རིན་ཐང་འཕར་བ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་ལ་ཐོན་ལས་ཀྱི་འདེགས་སྐྱོར་བརྟན་པོ་ཞིག་མཁོ་འདོན་བྱེད་དགོས། ཀྲུང་དབྱང་གི་ཐུགས་ཁུར་དང་། རྒྱལ་ཡོངས་ཀྱི་རོགས་སྐྱོར། མི་རིགས་ཁག་གི་མང་ཚོགས་ཀྱི་རང་སྟོབས་རང་སྤེལ།

    དཀའ་སྤྱད་འབད་འཐབ་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་དབུལ་སྐྱོར་དང་བློ་སྐྱོར་རིག་སྐྱོར་ཟུང་འབྲེལ་མཐའ་འཁྱོངས་དང་མང་ཚོགས་དབུལ་པོའི་རྩལ་ནུས་གསོ་སྐྱོང་དང་ངལ་ནུས་ཕྱིར་གཏོང་སྒྲིག་འཛུགས་བྱེད་ཤུགས་ཆེ་རུ་བཏང་ནས་ལས་ཞུགས་བརྟན་པོ་དང་དབུལ་སྒྲོལ་བརྟན་པོ་བྱེད་དགོས། ཀྲུང་དབྱང་ཁེ་ལས་ཀྱིས་བོད་ཀྱི་ཐོན་ཁུངས་གསར་སྤེལ་དང་ས་གནས་དེ་གའི་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བའི་འབྲེལ་བ་ཐག་གཅོད་ཡང་དག་གིས་བོད་སྐྱོར་གྱི་ལེགས་ཆ་འདོན་སྤེལ་ཡག་པོ་བྱས་ནས་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་དང་ཁྱིམ་ཚང་དབུལ་པོའི་ངལ་ནུས་སྔར་བས་ལས་ཞུགས་བྱེད་དགོས། བོད་སྐྱོར་ལས་བྱེད་པར་དོ་ཁུར་དང་སེམས་ཁུར་བྱས་ནས་ཁོ་ཚོར་ལས་སྒྲུབ་ལས་གཏོད་ཀྱི་སྟེགས་བུ་སྐྲུན་དགོས། དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ་མ་འཇོག་ཁོར་ཡུག་བཟང་པོ་ཞིག་སྐྲུན་དགོས། ཁེ་ལས་ཁག་གིས་སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་ཏེ་དམངས་ལ་ཕན་པ་ཐོབ་པ་བྱས་ནས་མང་ཚོགས་དེ་བས་མང་བ་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་སྐྱོད་རྒྱུར་སྐུལ་ཁྲིད་བྱེད་དགོས་ཞེས་གསུངས།

    སྨར་ཁམས་རྫོང་རོང་སྨད་གྲོང་རྡལ་གྲུ་ཁ་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི་ལོ་བརྒྱའི་ལོ་རྒྱུས་ལྡན་པའི་བོད་རིགས་ཀྱི་གྲོང་སྡེ་དེ་2018ལོར་སྒྱུར་བཀོད་ཟིན་ནས་གྲོང་ཚོའི་ཁོར་ཡུག་ཆེས་ཆེར་ལེགས་སུ་ཕྱིན་ཡོད། ཝུའུ་དབྱིང་ཅེས་རྡོ་སྐས་རེ་རེ་བཞིན་འཛེགས་ཏེ་གྲོང་མི་ཆོས་སྟོད་ཀྱི་ཁྱིམ་དུ་ཕེབས་ནས་ཆོས་སྟོད་ཁྱིམ་གྱི་དཔལ་འབྱོར་ཡོང་ཁུངས་གང་ཡིན་པ་དང་གྲོང་སྡེར་སྒྱུར་བཀོད་བྱས་རྗེས་གང་བྱེད་རྩིས་ཡོད་པའི་སྐོར་ཞིབ་ཕྲ་དྲིས་གནང་། ཆོས་སྟོད་ཁྱིམ་གྱིས་སྐྱེལ་འདྲེན་གྱི་ལས་ལ་གཞོལ་བ་དང་། ཚོང་རྒྱག་པ། ཡུལ་ཟོག་འཚོང་བ་བཅས་བྱས་ནས་ལོ་ལྟར་ཁྱིམ་ལ་ཡོང་འབབ་སྒོར་ཁྲི་20ལྷག་རག་གི་ཡོད་པ་མཁྱེན་རྗེས། ཝུའུ་དབྱིང་ཅེ་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་འདི་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག་ངལ་རྩོལ་ལ་བརྟེན་ནས་བྱུང་བ་ཞིག་རེད། གལ་ཏེ་བློ་གཅིག་སེམས་གཅིག་གིས་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ཚེ། ཚང་མས་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་སྐྱེལ་ཐུབ་ངེས་རེད་ཅེས་གསུངས། ཝུའུ་དབྱིང་ཅེས་ད་དུང་དེར་སླེབས་པའི་ལས་བྱེད་པ་དང་མང་ཚོགས་དང་བྱམས་བརྩེའི་གླེང་མོལ་གནང་ཞིང་། ཁོང་གིས་མང་ཚོགས་ཀྱི་ཉེ་འགྲམ་དུ་བྱུང་བའི་འགྱུར་ལྡོག་དྲངས་ཏེ་ཚང་མར“ཕན་པ་གང་ནས་བྱུང་བ་དང་ཕན་པ་སུ་ལ་ཐོབ་པ”གསལ་པོར་བརྗོད་པ་དང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསུ་རྒྱུའི་ཐུགས་རེ་གནང་ཡོད་ལ། ཤང་དང་གྲོང་རྡལ་གྱི་ལས་བྱེད་པར་གཞི་རིམ་ནི་རང་ཉིད་ལ་སྦྱོང་བརྡར་སྤྲོད་སའི་གར་སྟེགས་ཤིག་ཏུ་བརྩིས་ཏེ་སྦྱངས་པའི་ཤེས་བྱ་དང་མང་ཚོགས་ཀྱི་བློ་གྲོས་ཟུང་འབྲེལ་བྱས་ནས་གཞི་རིམ་ལ་གཞི་ཚུགས་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་དགོས་པའི་ལྕག་སྐུལ་ཡང་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།