[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝུའུ་དབྱིང་ཅེ།
  • རྒྱལ་ཡོངས་སྲིད་གྲོས་ཀྱི་བརྟག་ཞིབ་ཚོགས་ཆུང་གིས་བོད་ལ་བརྟག་ཞིབ་གནང་བ།

    ལི་པིན་གྱིས་རུ་སྣེ་ཁྲིད་པ་དང་། ཝུའུ་དབྱིང་ཅེ་དང་། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན་བཅས་ཀྱིས་ཕེབས་རོགས་ཞུས་པ། ལི་ཝུའེ་ཡིས་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-20

    ཟླ་7ཚེས་13ནས་16ཉིན་བར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལི་པིན་གྱིས་རུ་སྣེ་ཁྲིད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་བརྟག་ཞིབ་ཚོགས་ཆུང་གིས་ལྷ་ས་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་དུ་ལྷ་ཉིང་རིམ་མཐོའི་གཞུང་ལམ་དང་ལྷ་ཉིང་ལྕགས་ལམ་རྒྱུད་ཀྱི་སྣོད་བཅུད་སྲུང་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་བ་དང་། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་ལ་གཟིགས་པ་མ་ཟད། ད་དུང་ཚེས་16ཉིན་གྱི་ཕྱི་དྲོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་མཉམ་དུ་བཞུགས་མོལ་ཚོགས་འདུ་ཡང་འཚོགས་པ་རེད། 

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་བཅས་ཀྱིས་ཕེབས་རོགས་ཞུས་པ་དང་འབྲེལ་བཞུགས་མོལ་ཚོགས་འདུར་ཡང་ཞུགས་པ་རེད། 

    ལི་པིན་གྱིས་གསུངས་དོན། ཁྲོན་བོད་ལྕགས་ལམ་བསྐྲུན་རྩིས་བྱེད་པ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གནང་བའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཡིན་པ་དེ་རྒྱལ་ཁབ་ཀྱི་ཡུན་རིང་བདེ་འཁོད་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཡོད་པས་དེའི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་ལ་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས་འཆར་འགོད་འཛུགས་སྐྲུན་ཁྲོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་ཡང་བྱེད་དགོས། 

    ལི་པིན་གྱིས། དུས་ཡུན་རིང་པོའི་ནང་བོད་རང་སྐྱོང་ལྗོངས་ཀྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། བརྟག་ཞིབ་བྱེད་རིང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་འབྲེལ་ཡོད་འཆར་འགོད་ཇུས་འགོད་ཚན་པས་ཁྲོན་བོད་ལྕགས་ལམ་གྱི་འཆར་འགོད་འཛུགས་སྐྲུན་ཁྲོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་མཐོང་ཧ་ཅང་ཆེན་པོ་བྱེད་པ་དང་དུས་འགོའི་རྩད་ཞིབ་དང་ཇུས་འགོད་ཀྱི་བརྒྱུད་རིམ་ནང་ཁོར་ཡུག་སྲུང་སྐྱོང་སྔོན་ལ་འཇོག་རྒྱུར་སྣང་ཆེན་བྱས་ཏེ་ཁྲོན་བོད་ལྕགས་ལམ་འདི་ཉིད“སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལམ་དང་མི་དམངས་ཀྱི་བདེ་སྐྱིད་ལམ”དུ་སྐྲུན་ཕྱིར་རྨང་གཞི་བརྟན་པོ་ཞིག་བཏིང་བའི་མྱོང་ཚོར་བྱུང་ཞེས་གསུངས་པ་རེད། 

    ལི་པིན་གྱིས་ནན་བཤད་གནང་དོན། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་འཆར་འགོད་བྱེད་པར“ཚན་རིག་དང་མཐུན་པའི་འཆར་འགོད་དང་། ལག་རྩལ་གྱི་འདེགས་སྐྱོར། སྣོད་བཅུད་སྲུང་སྐྱོང་། བདེ་འཇགས་དང་བློས་འགེལ་ཆོག་པ”བཅས་བྱེད་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། མཚོ་བོད་ལྕགས་ལམ་སོགས་ལས་གྲྭ་འཛུགས་སྐྲུན་ཁྲོད་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དཔྱད་གཞིར་འཛིན་པ། འགོ་འཛུགས་ས་མཐོ་བ་དང་། ཚད་གཞི་མཐོ་བ། སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ཁྲོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་ཁྲོན་བོད་ལྕགས་ལམ་གྱི་འཛུགས་སྐྲུན་དེ་གང་སར་འབྲེལ་བའི་ལྗང་མདོག་གི་འགྲིམ་འགྲུལ་བར་ཁྱམས་ཤིག་ཏུ་འགྱུར་རྒྱུའི་འགན་ལེན་བྱེད་དགོས།

    ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་རྒྱལ་ཡོངས་སྲིད་གྲོས་མི་འབོར་ཐོན་ཁུངས་ཁོར་ཡུག་ཨུ་ལྷན་གྱི་བརྟག་ཞིབ་ཚོགས་ཆུང་བོད་དུ་བརྟག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་འབྲེལ་རྒྱལ་ཡོངས་སྲིད་གྲོས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཡང་ཞུས་གནང་བ་རེད།

    ཝུའུ་དབྱིང་ཅེས་གསུངས་དོན། མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་རེད། ཁྲོན་བོད་ལྕགས་ལམ་ཡག་པོ་བསྐྲུན་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ང་ཚོར་དཀྲིས་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། ང་ཚོས་ངེས་པར་དུ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་ལག་བསྟར་ནན་ཏན་བྱེད་པ། སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ། གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ། སྣོད་བཅུད་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། ལྕགས་ལམ་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོང་གི་གཉིས་ཕན་གྱི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དེ་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ། ནུས་ཤུགས་ཡོད་རྒུས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་། ཞབས་ཞུ། འགན་ལེན་བཅས་ཡག་པོ་བྱེད་པ། ལམ་རྒྱུད་ཀྱི་སྣོད་བཅུད་ཁོར་ཡུག་ལ་ལྟ་འདོམས་དང་ཉམས་གསོ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། མཐའ་མཚམས་འཛུཌ་སྐྲུན་ཡག་པོ་དང་འཛམ་གླིང་ཐོག་གི་དག་ཞིང་མཐའ་མར་སྲུང་སྐྱོང་ཡག་པོ་བཅས་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་ལུགས་མཚོན་པར་བྱེད་དགོས། 

    རྟོག་ཞིབ་གནང་རིང་། རྒྱལ་ཡོངས་སྲིད་གྲོས་མི་འབོར་ཐོན་ཁུངས་ཁོར་ཡུག་ཨུ་ལྷན་བརྟག་ཞིབ་ཚོགས་ཆུང་གིས་ད་དུང་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་དུ་ལྟ་སྐོར་གནང་བ་མ་ཟད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་ལའང་གཟིགས་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།