[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝུའུ་དབྱིང་ཅེ།
  • ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས(རྒྱ་ཆེའི)ཚོགས་འདུ་འཚོགས་པ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་ཟབ་གཏོང་གི་ཕྱོགས་སྡོམ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-18

    ཚེས་16ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེའི)ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་ཟབ་གཏོང་གི་ཕྱོགས་སྡོམ་ཚོགས་འདུ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་། རྒྱལ་ཡོངས་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་ལས་དོན་ཚོགས་འདུ་ཐེངས་གསུམ་པ་དང་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་ཏང་གི་སློབ་ཚན་དང་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

    ཚོགས་འདུའི་ཐོག་བཏོན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་ཟབ་གཏོང་ཕྱོགས་སྡོམ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་མ་ལག་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཐུགས་ཁུར་གཟིགས་སྐྱོང་འོག་རང་ལྗོངས་ཀྱིས་ལས་ཁུངས་སྒྱུར་བཅོས་ལས་དོན་ལ་སྒྲིག་འཛུགས་དང་འགོ་ཁྲིད་ནུས་ལྡན་བྱས་པ་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཏན་ཏིག་བཏང་བར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

    ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་དེ་ལས་སྤྱི་ཁྱབ་ཧྲུའུ་ཅིས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་བ་མཚོན་པ་དང་། ཏང་ཀྲུང་དབྱང་གིས་ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བའི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་མངོན་གྱི་ཡོད། དེས་ང་ཚོས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་སྔར་ལས་ལྷག་པ་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་གི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་བརྡ་ཐོའི་དགོངས་དོན་ལ་གཞིགས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་རྒྱུ་དེ་ཉིད་བརྗོད་དོན་གཙོ་བོའི་སློབ་གསོའི་ནང་དོན་གལ་ཆེན་ལ་བརྩིས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་སློབ་སྦྱོང་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅོ་ལྔ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་ལྷག་བསམ་འཕེལ་བ་དང་། དད་སེམས་འཇགས་པ། རྩོལ་ཤུགས་བསྐྱེད་པ། སྤྱོད་གཙང་སྲུང་བ་བཅས་བྱེད་དགོས། ཆབ་སྲིད་འཛུགས་སྐྱོང་གཅིག་འདོམས་སུ་བྱས་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། སྤྱི་འདོམས་འཆར་འགོད་བྱེད་པ། རྩ་བ་དང་རྨང་གཞི་བརྟན་དུ་གཏོང་བ། རྩ་བ་གཙང་མ་བརྟན་སྲུང་གིས་གསར་གཏོད་བྱེད་པ། འགག་སྒྲོལ་དཀའ་སེལ་བཅས་བྱས་ནས་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་ཏན་ཏིག་དང་། ཆུང་ས་ནས་དམ་འཛིན། དམ་འཛིན་གནད་འཁེལ་བཅས་ཏན་ཏིག་བྱེད་དགོས།

    ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། མཐའ་མཚམས་འཕེལ་རྒྱས་དང་། མཐའ་མཚམས་སྲ་བརྟན། མཐའ་མཚམས་བདེ་འཇགས་སོགས་འགན་ལེན་བྱེད་པའི་ཐད་ཀྱི་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློ་འཛུགས་སྐྱོང་། རྩ་འཛུགས་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། སྒྲིག་ཁྲིམས་འཛུགས་སྐྱོང་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ལམ་ལུགས་འཛུགས་སྐྱོང་དེའི་ཁྲོད་ཁྱབ་པ་བཅས་བྱས་ཏེ“རང་འགུལ་བརྟན་ལྷིང”གི་བསམ་བློའི་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས། གཞི་རིམ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་སེམས་ཁུར་ཆེན་པོ་བྱས་ཏེ། རང་འགུལ་ངང་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་ནས་ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་བཟང་པོ་ཧུར་ཐག་གཏོད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་སྤྱོད་ཚུལ་ལེགས་སུ་གཏོང་བར་ཤུགས་སྣོན་རྒྱག་དགོས་པ་དང་། ལྗོངས་ཏང་ཨུད་རྒྱུན་ཨུའི་ཚན་ཁག་གིས་སྣེ་ཁྲིད་ནས་བརྟག་དཔྱད་ཞིབ་འཇུག་གི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། “བརྡ་ཐོ་མི་གཏོང་བ་དང་། བརྡ་ལན་མི་སྐྱེལ་བ། སྙན་སེང་མི་ཉན་པ། ཕེབས་རོགས་དང་སྣེ་ལེན་མི་དགོས་པར་ཐད་ཀར་གཞི་རིམ་དང་ས་གནས་ས་ཐོག་ཏུ་བསྐྱོད་པའི”བྱ་ཐབས་སྤྱད་དེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ་དང་། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ། བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ་བཅས་ཐད་ཀྱི་ཧེ་བག་གཙོ་གནད་ཐོག་བཙལ་འཚོལ་བྱེད་པ། གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་བ་དང་ལས་ཀའི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བ་བསུ་བ་ཞུ་དགོས།

    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རྒྱལ་ཡོངས་ཀྱི་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་ལས་དོན་ཚོགས་འདུ་ཐེངས་གསུམ་པའི་བླང་བྱ་གཞིར་བཟུང་། ཡང་དག་པའི་སློབ་གཉེར་གྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱས་ཏེ། ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་འཛུགས་རྒྱུ་དེ་ལས་དོན་ཐམས་ཅད་ཀྱི་རྩ་བའི་དམིགས་ཚད་དུ་བརྩིས་ཏེ་སློབ་ཁྲིད་ཚན་ཞིབ་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་མི་སྣ་དང་བླ་མ་སྐྱེས་ཆེན་གསོ་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ཁོང་ཚོའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ་འབུར་དུ་ཐོན་པར་བྱས་ཏེ། དར་ཆ་གསལ་སྟོན་གྱི་སྒོ་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོ་ཐེར་འདོན་བྱེད་པ་དང་། དར་ཆ་གསལ་སྟོན་གྱིས་བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། དར་ཆ་གསལ་སྟོན་གྱིས་ཀྲུང་ཧྭའི་རིག་གནས་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་བརྩེ་བ་འཆང་ས་དང་། སེམས་ཀྱི་བརྟེན་ས། བསམ་པའི་ཁྱིམ་གཞིས་བཅས་ཡིན་པ། བོད་ཀྱི་མི་རིགས་ཁག་གི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་བཅས་ཤོད་པ། རྒྱ་ཆེའི་སློབ་མ་ཚོའི“མོས་སེམས་ལྔ”སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་སོགས་ཡིན་མིན་ཆེན་པོའི་མདུན་དུ་ཁོ་ཚོས་ཐོག་མཐའ་བར་གསུམ་དུ་དར་ཆ་ཧ་ཅང་གསལ་པོ་དང་། ལངས་ཕྱོགས་ཧ་ཅང་བརྟན་པོ། བྱ་སྤྱོད་ཧ་ཅང་ཏན་ཏིག་བཅས་ཡོང་བའི་འགན་ལེན་བྱེད་དགོས། ཆབ་སྲིད་ཀྱི་བླང་བྱ་དང་ཆབ་སྲིད་ཀྱི་ཚད་གཞི་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་དགེ་རྒན་གྱི་དཔུང་ཁག་ཡག་པོ་འཛུགས་དགོས།

    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་ཏང་གི་སློབ་ཚན་དང་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་ཚོགས་འདུའི་བླང་བྱ་གཞིར་བཟུང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱ་རྒྱུ་དེ་བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་བའི་རྩ་བའི་ལས་འགན་དུ་བརྩིས་ཏེ། ཧེ་བག་དང་ཡང་དག་བསྡུར་བ་དང་། ཁ་ཕྱོགས་གནད་ལ་འཁེལ་པོས་འཚོལ་བ། སྤྱི་ཡོངས་ལ་ཡང་དག་པར་ལྟ་བ། ཞན་ཆ་གསབ་པ། ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་བྱས་ནས་ལས་དོན་ཡག་པོ་བསྒྲུབས་པའི་ཕན་འབྲས་དངོས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅིའི་སྲོག་ཤིང་གི་གནས་བབ་སྲུང་སྐྱོང་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་དགོས། “བརྟན་པོ་འཛུགས་དགོས་པ་གསུམ”མཐའ་འཁྱོངས་བྱེད་པ་དང་། ཚད་ཤིང་གཅིག་དང་ཚད་གཞི་གཅིག་གི་ཐོག་ནས་ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་ཁྲིམས་སྲོལ་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་བྱེད་པ། ཁྱོན་ཡོངས་ལ་ལྟ་སྐུལ་དང“འགག་རྩའི་ཉུང་ཤས”ལ་ལྟ་སྐུལ་བྱེད་པའི་དབར་གྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པར་བྱེད་པ། ལྟ་སྐུལ་སྒྲིག་བསྟར་གྱི“རྣམ་པ་བཞི”བེད་སྤྱོད་ཡག་པོ་བྱེད་པ། བྱེད་ལུགས་བྱེད་སྟངས་ལེགས་སུ་གཏོང་བ། རིགས་དབྱེའི་ཇུས་འདོན་མཐའ་འཁྱོངས་བྱེད་པ། ལྟ་སྐུལ་གྱི་མཉམ་ཤུགས་ཆགས་པར་བྱེད་པ་བཅས་ཀྱི་ཐོག་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་སྔར་བས་གཏོད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།