[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝུའུ་དབྱིང་ཅེ།
  • ཝུའུ་དབྱིང་ཅེས་རང་ལྗོངས་ཀྱི་མི་རིགས་ཁག་གི་ལོ་ཆུང་བྱིས་པ་དང་མཉམ་དུ་རྒྱལ་སྤྱིའི“དྲུག་གཅིག”བྱིས་པའི་དུས་ཆེན་དགའ་གཏོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-03

    628253_yis_1559451476904.jpg

    ཟླ་6ཚེས་1ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ལྷ་ས་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་གི་གྲོང་ཤར་ཡན་ལག་བུ་བཅོལ་ཁང་དང་། རོལ་རྩེད་གླིང་བྱིས་པའི་བུ་བཅོལ་ཁང་གི་གྲོང་ཤར་བུ་བཅོལ་ཁང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སློབ་ཆུང་གཉིས་པའི་ཡན་ལག་སློབ་གྲྭ་བཅས་སུ་ཕེབས་ནས་མི་རིགས་ཁག་གི་ལོ་ཆུང་བྱིས་པ་དང་མཉམ་དུ་དུས་ཆེན་ལ་རྟེན་འབྲེལ་ཞུས་ཤིང་། འདི་ནི་ཝུའུ་དབྱིང་ཅེས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སློབ་ཆུང་གཉིས་པའི་ཡན་ལག་སློབ་གྲྭར་ཕྲུ་གུ་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ།

     ཟླ་6ཚེས་1ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ལྷ་ས་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་གི་གྲོང་ཤར་ཡན་ལག་བུ་བཅོལ་ཁང་དང་། རོལ་རྩེད་གླིང་བྱིས་པའི་བུ་བཅོལ་ཁང་གི་གྲོང་ཤར་བུ་བཅོལ་ཁང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སློབ་ཆུང་གཉིས་པའི་ཡན་ལག་སློབ་གྲྭ་བཅས་སུ་ཕེབས་ནས། མི་རིགས་ཁག་གི་ལོ་ཆུང་བྱིས་པ་དང་མཉམ་དུ་དུས་ཆེན་དགའ་གཏོང་གནང་བ་དང། ཕྲུ་གུ་ཚོའི་སློབ་སྦྱོང་དང་། འཚོ་བ། སློབ་གསེང་བཅས་ཀྱི་བྱེད་སྒོ་དང་ལྷག་པར་དུ་སློབ་གྲྭས་ཀུན་སྤྱོད་སློབ་གསོ་སོགས་སྤེལ་ཚུལ་མཁྱེན་རྟོགས་གནང་སྟེ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལོ་ཆུང་བྱིས་པར་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལོ་ཆུང་བྱིས་པའི་སློབ་གསོའི་ལས་དོན་པར་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཏིང་ཡེ་ཤན་དང་། པད་མ་དབང་འདུས། ལིའུ་ཅང་། ཧྲི་མོའུ་ཅུན། ཅ་ལི་གོ་བཅས་ལྷན་དུ་ཕེབས་པ་རེད།

    ལྷ་ས་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་གི་གྲོང་ཤར་ཡན་ལག་བུ་བཅོལ་ཁང་དུ་མིག་སྔར་བྱིས་པ་300ཙམ་ཡོད་ཅིང་། དེའི་ནང་དཀའ་ངལ་ཡོད་པའི་ཁྱིམ་ཚང་དང་གཟིགས་སྐྱོང་བྱ་ཡུལ་ཁྱིམ་ཚང་གི་བུ་ཕྲུག་158ཀྱིས་རྒྱལ་ཁབ་ཀྱི“འགན་ལེན་གསུམ”གྱི་སྲིད་ཇུས་ལོངས་སྤྱོད་བྱེད་བཞིན་ཡོད་པ་དང་། བུ་བཅོལ་ཁང་དུ་ཞུགས་པའི་རིན་པ་སྤྲོད་དགོས་ཀྱི་མེད། ཁྱིམ་ཚང་དཀྱུས་མའི་བུ་ཕྲུག་གིས་ཀྱང་ཉིན་རེར་ལྟོ་རིན་སྒོར་10ལས་སྤྲོད་དགོས་ཀྱི་མེད། ཝུའུ་དབྱིང་ཅེ་དེ་གར་ཕེབས་སྐབས་བུ་བཅོལ་ཁང་གི་རྨང་གཞིའི་སྒྲིག་བཀོད་དང་སློབ་ཁྲིད་སྒྲིག་ཆས་ལ་ཞིབ་ཕྲ་གཟིགས་པ་དང་། དགེ་རྒན་གྱི་སྟོབས་ཤུགས་དང་ལྟོ་ཆས་ཀྱི་ཚད་གཞི་མཁྱེན་རྟོགས་གནང་བ། “འགན་ལེན་གསུམ”གྱི་གྲོན་དངུལ་སྤྱོད་ཚུལ་བཀའ་འདྲི་གནང་བ་རེད།

    འཛིན་གྲྭ་ཆུང་བ་དང་པོར་ཕྲུ་གུ་ཚོ་རི་མོ་འབྲི་བཞིན་ཡོད་པ་དང་། ཝུའུ་དབྱིང་ཅེ་ཕེབས་པ་མཐོང་འཕྲལ་ཕྲུ་གུ་ཚོས་སྤོ་བོ་ཝུའུ་ལགས་ལ་འཚམས་འདྲི་ཞུས་པ་རེད།

    ཝུའུ་དབྱིང་ཅེས་བྱམས་བརྩེའི་ངང“ཕྲུ་གུ་ཚོ་ཁམས་བཟང”ཞེས་ལན་གནང་བ་རེད།

    ཝུའུ་དབྱིང་ཅེས་ཕྲུ་གུ་ཚོའི་འགྲམ་དུ་ཕེབས་ནས་ཕྲུ་གུ་ཚོ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ཞིང་། ཁོང་གིས“རང་གི་མིང་ལ་གང་ཟེར། ལོ་ག་ཚོད་ཡིན་ནམ། བུ་བཅོལ་ཁང་དུ་སྐྱིད་པོ་འདུག་གམ”ཞེས་བཀའ་འདྲི་གནང་སྐབས་ཕྲུ་གུ་ཚོས་ནན་ཏན་ངང་ལན་བརྒྱབ་པ་རེད། ཨོ་སི་རུའེ་དང་ཉི་མ་ལྷ་མོ་སོགས་གྲོགས་པོ་ཆུང་ཆུང་ཁག་གཅིག་གིས་རང་གིས་བཟོས་པའི་ཅ་དངོས་དང་ཤོག་བྱང་ཝུའུ་དབྱིང་ཅེར་ཕུལ་བ་རེད། ཝུའུ་དབྱིང་ཅེས་ཁྱེད་ཚོས་ལག་རྟགས་སྙིང་རྗེ་པོ་འདི་དག་སྤྲད་པར་ཐུགས་རྗེ་ཆེ་ཞུ་གི་ཡིན། ངས་འདི་ཚོ་ཉར་ཚགས་ཡག་པོ་བྱེད་ཀྱི་ཡིན་ཞེས་གསུངས་པ་མ་ཟད། ཁོང་ཚོར་རྩེད་ཆས་སྤྲད་གནང་ནས་བྱིས་པའི་དུས་ཆེན་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུས་པ་རེད།

    “སྐར་ལྔའི་དར་དམར་ནི་རབ་ཏུ་འཚེར་བའི་ཉི་འོད་དང་འདྲ་ཞིང་། གནམ་མཐའི་མཚམས་སྤྲིན་གྱིས་ངའི་སེམས་དབུས་ཀྱི་ཕུགས་འདུན་གྱི་ལམ་སྣེ་དྲངས་སོང”ཞེས་བུ་བཅོལ་ཁང་གི་འཛིན་གྲྭ་འབྲིང་བའི་སློབ་ཁང་ནས་གླུ་གཞས《གསེར་མདོག་གི་བྱིས་དུས》སྦྱོང་བའི་གླུ་སྒྲ་སྒྲོག་འོང་། ཕྲུ་གུ་ཚོས་སླ་བཅོས་སྤུ་ཙམ་ཡང་མེད་པར་གཞས་སྦྱོང་བའི་ངང་ཚུལ་གཟིགས་སྐབས་ཝུའུ་དབྱིང་ཅེས་ཁོང་ཚོར་མུ་མཐུད་འབད་བརྩོན་གྱིས་ཤིག་ཅེས་གསུངས་གནང་བ་རེད།

    ཝུའུ་དབྱིང་ཅེས་ཁོངས་གཏོགས་དེ་གའི་སློབ་གསོའི་སྡེ་ཚན་དང་བུ་བཅོལ་ཁང་གི་འགན་འཁུར་བར“ཏང་གི་བཀའ་དྲིན་དྲན་པ”དང“མི་རིགས་མཐུན་སྒྲིལ”སོགས་ཀྱི་ནང་དོན་བྱིས་པའི་བློ་སྒོ་འབྱེད་པའི་སློབ་གསོར་འཇུག་པ་དང་སྐད་གཉིས་སློབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས། མི་རིགས་ཁག་གི་གྲོགས་པོ་ཆུང་ཆུང་ཚོ་རྩེད་མོ་མཉམ་དུ་རྩེ་བ་དང་། ཁ་ལག་མཉམ་དུ་བཟའ་བ། མཉམ་དུ་འཚར་ལོངས་ཡོང་བ་བཅས་བྱས་ཏེ། “གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་པ་དང་། གུང་ཁྲན་ཏང་མེད་ན་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་ཡང་མེད་པ”དང“མི་རིགས་མི་དབྱེ་བ་དང་། རང་གཞན་མི་དབྱེ་བ། ཕན་ཚུན་དགའ་ཞེན”བཅས་ཀྱི་བསམ་བློ་ཆུང་དུས་ནས་ཕྲུ་གུའི་སེམས་སུ་འཇགས་པར་བྱེད་དགོས་པའི་བཀའ་མངགས་གནང་བ་རེད།

    ཝུའུ་དབྱིང་ཅེ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སློབ་ཆུང་གཉིས་པའི་ཡན་ལག་སློབ་གྲྭར་ཕེབས་སྐབས། ཕྲུ་གུ་ཚོས་ཁོང་ལ་སྐེ་དར་དམར་པོ་བཏགས་པ་རེད། གདོང་ལེན་རུ་མིའི་སྣེ་ཁྲིད་འོག་ཝུའུ་དབྱིང་ཅེས་སློབ་གྲྭའི“ཀུན་སྤྱོད་སློབ་གསོའི་བར་ཁྱམས”སུ་ལྟ་སྐོར་གནང་ནས་ཁྱད་ལྡན་སློབ་གསོ་སློབ་ཁྲིད་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། དེ་གར་གསར་བརྗེ་བ་རྒན་རབས་ཚོའི་ཚེ་གང་སྐོར་ངོ་སྤྲོད་བྱེད་མཁན་ཡོད་ལ། ད་དུང་དུས་རབས་ཀྱི་མིག་དཔེའི་བྱས་རྗེས་ངོ་སྤྲོད་མདོར་བསྡུས་བྱེད་མཁན་ཡང་ཡོད་ཅིང་། དེ་ག་ནས་ཀྲུང་ཕྱིའི་གདམས་ངག་གྲགས་ཅན་དང་། ཀྲུང་ཧྭ་ཡི་ཀུན་སྤྱོད་གཏམ་རྒྱུད། ཤེས་དཔལ་གུས་ལུགས་སོགས་ཀྱི་ནང་དོན་ཚང་མ་མངོན་པ་གཟིགས་སྐབས། ཝུའུ་དབྱིང་ཅེ་དགྱེས་ཚོར་ཆེན་པོ་བྱུང་ནས་སློབ་གྲྭས་ཀུན་སྤྱོད་སློབ་གསོ་ཡག་པོ་གཉེར་བར་བསྔགས་བརྗོད་གནང་བ་མ་ཟད། ད་དུང་འབྲེལ་ཡོད་སྡེ་ཚན་དང་སློབ་གྲྭར་སྤྱི་ཁྱབ་ཧྲུའུ་ཅིས་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་པོ་དང་། དུས་རབས་གསར་པའི་བླང་བྱ་དང་ཟུང་འབྲེལ་གྱིས་ནང་དོན་ཕུན་སུམ་ཚོགས་པོ་ཡོང་བར་བྱས་ཏེ་ཀུན་སྤྱོད་སློབ་གསོ་སྤེལ་ཡུལ་འཛུགས་སྐྲུན་སྔར་བས་ཚད་ལྡན་ཡོང་བར་བྱས་ནས་སློབ་མར་སློབ་གསོ་གཏོང་རིང་གི“ཀུན་སྤྱོད་སློབ་གསོའི་བར་ཁྱམས”ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་དེ་བས་ལེགས་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཝུའུ་དབྱིང་ཅེས་ད་དུང་དགྱེས་ཚོར་ཆེན་པོས“ངས་པཱ་ལགས་དང་ཨ་མ་ལགས་ལ་ཚན་རིག་སྐོར་གྱི་གཏམ་རྒྱུད་བརྗོད”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོར་ཞུགས་པ་རེད། ལོ་རིམ་བཞི་པའི་འཛིན་གྲྭ་3པའི་སློབ་མ་རིག་འཛིན་ཆོས་སྒྲོན་དང་ལོ་རིམ་གསུམ་པའི་འཛིན་གྲྭ་7པའི་སློབ་མ་བསྟན་འཛིན་ཚེ་དབང་གིས་རང་ཉིད་ཀྱིས་ཤེས་པའི་རང་བྱུང་ཆོས་ཉིད་དང་ཟུང་འབྲེལ་བྱས་ཏེ་ཐེག་ནུས་དང་སྐར་མདའ་འཁྱུག་པའི་རྒྱུ་མཚན་སོགས་རང་བྱུང་གི་རྣམ་པ་དང་ཚན་རིག་གི་ཆོས་ཉིད་སོ་སོར་བརྗོད་པ་མ་ཟད། ད་དུང་འཚོ་བའི་དོན་དངོས་དང་ཟུང་འབྲེལ་གྱིས་ཚན་རིག་སློབ་སྦྱོང་དང་། ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ། སྐྱོན་བྲལ་དང་ཤེས་དཔལ་གྱི་འཚོ་བ་དོན་གཉེར་བྱེད་པ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་མཚོན་པར་བྱས་པས་དོན་སྙིང་ཟབ་པའི་གཏམ་བཤད་ལ་ས་གནས་ས་ཐོག་ཏུ་དགའ་བསུ་ཚད་མེད་ཐོབ་པ་རེད། ཝུའུ་དབྱིང་ཅེས་ཁོང་ཚོ་ནི་ཚན་རིག་གོང་དུ་བཀུར་མཁན་ཤེས་དཔལ་གྱི་ཕོ་ཉ་ཆུང་ཆུང་ཡིན་པའི་མངགས་བརྗོད་གནང་བ་དང་སྦྲགས། 《ཞི་ཅིན་ཕིང་གིས་གཏམ་རྒྱུད་བརྗོད་པ》སོགས་དཔེ་དེབ་ཕྲུ་གུ་ཚོར་སྤྲད་དེ་ཁོང་ཚོས་དཔེ་དེབ་ལ་དགའ་པོ་བྱེད་པ་དང་དཔེ་དེབ་མང་ཙམ་ཀློག་པའི་སྐུལ་ལྕག་གནང་བ་རེད།

    “ཆུང་དུས་ནས་མི་བྱེད་སྟངས་དང་། ཆུང་དུས་ནས་སྙིང་སྟོབས་འཕེལ་སྟངས། ཆུང་དུས་ནས་གསར་གཏོད་བྱེད་སྟངས”བཅས་སྦྱོང་བའི་ཕྲུ་གུ་ཚོའི་ཆོད་སེམས་གསན་རྗེས། ཝུའུ་དབྱིང་ཅེ་ཐུགས་བློ་བདེ་པོ་བྱུང་ནས་རྒྱ་ཆེའི་གུང་གཞོན་སྡེ་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་སེམས་ལ་བརྟན་པོ་ངེས་ནས་རླབས་ཆེན་གྱི་ཏང་ལ་དགའ་ཞེན་དང་། རླབས་ཆེན་གྱི་མེས་རྒྱལ་ལ་དགའ་ཞེན། མི་དམངས་ལ་དགའ་ཞེན། བོད་ལྗོངས་ལ་དགའ་ཞེན་བཅས་བྱས་ཏེ་བསམ་བློ་ཡག་པོ་དང་ཀུན་སྤྱོད་ཡག་པོ་འཇགས་པར་བྱས་ནས་མེས་རྒྱལ་གྱི་ཕྲུ་གུ་ཡག་པོ་དང་སླད་ཕྱིན་མེས་རྒྱལ་གྱི་འཛུགས་སྐྲུན་པ་ཡག་པོ་ཞིག་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།

    “སྤྱི་ཚོགས་ལ་ཕན་འདོགས་པའི་མི་ཞིག་བྱེད་ཀྱི་ཡིན”ཞེས་ཕྲུ་གུ་ཚོས་འཚང་ཁ་ཤིག་ཤིག་ངང་བཤད། ཝུའུ་དབྱིང་ཅེས་གསན་རྗེས་བཞད་མོ་བཞད་བཞིན“ད་ག་རེད། ཁྱེད་ཚོ་འབྱུང་འགྱུར་ཁྱིམ་ཚང་དང་། སྤྱི་ཚོགས། རྒྱལ་ཁབ་བཅས་ལ་ལེགས་སྐྱེས་འབུལ་མཁན་ཞིག་བྱེད་དགོས། བདེ་སྐྱིད་འཚོ་བ་ནི་སྒུག་མི་རུང་བ་དང་བླངས་ནས་བྱུང་བ་ཞིག་མིན་པར་རང་ཉིད་ཀྱི་ལག་གཉིས་ནས་བརྟེན་ནས་གསར་གཏོད་བྱེད་དགོས་པ་ཞིག་ཡིན་པ་ཤེས་དགོས”ཞེས་གསུངས།

    ཝུའུ་དབྱིང་ཅེས་ད་དུང་ཁྱིམ་བདག་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་ཞིང་། ཁོང་གིས་སེམས་བཟང་ཚིག་ནན་གྱིས་ཕ་མ་ནི་ཕྲུ་གུའི་དགེ་རྒན་ཡག་ཤོས་དང་ཁྱིམ་བདག་གི་ཁ་ཏ་བསླབ་བྱ་ནི་སློབ་གསོ་ཡག་ཤོས་རེད། ཕྲུ་གུ་ཚོ་སྐྱོན་བྲལ་ཡར་བརྩོན་གྱི་རིག་གནས་ལུས་རྩལ་བྱེད་སྒོར་ཞུགས་པར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་ཆུང་དུས་ནས་ཁོང་ཚོར་ཚན་རིག་གོང་དུ་བཀུར་བ་དང་ཤེས་དཔལ་དོན་གཉེར་བྱེད་པའི་བསམ་བློ་དང་གོམས་གཤིས་འཇགས་པར་བྱེད་དགོས་ཞེས་གསུངས།

    “ལོ་ཆུང་བྱིས་པའི་དུས་ནི་ཕུགས་འདུན་གྱི་དཔྱིད་ཀྱི་མེ་ཏོག་བཞད་པའི་དུས་ཡིན་པས། ཕྲུ་གུ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ཏེ་དུས་སྐབས་ལ་གཅེས་འཛིན་དང་། སྙིང་རུས་ཆེན་པོས་སློབ་སྦྱོང་། བདེ་ཐང་ངང་འཚར་ལོངས་ཡོང་བ་བཅས་བྱེད་པ་དང་ཆུང་དུས་ནས་བདེན་དོན་དོན་གཉེར་དང་མེས་རྒྱལ་ལ་དྲིན་གསོ་བའི་བསམ་བློ་སྐྱེད་སྲིང་། ཆུང་དུས་ནས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས་མེས་རྒྱལ་དང་མི་དམངས་ལ་མཁོ་བའི་ཕྲུ་གུ་ཡག་པོ་ཞིག་དང་མེས་རྒྱལ་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ཤུལ་འཛིན་བ་ཞིག་ཧུར་ཐག་བྱེད་དགོས”ཞེས་པའི་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་སྦྲང་ཆར་ལྟར་གྱི་བཀའ་སློབ་ཀྱིས་ཕྲུ་གུ་ཚོའི་སེམས་ཀྱི་ཞིང་ས་བརླན་པར་བྱས་ལ། ཕྲུ་གུ་ཚོ་བདེ་ཐང་ངང་འཚར་ཡོངས་ཡོང་བར་སྐུལ་ལྕག་ཐེབས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།