[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝུའུ་དབྱིང་ཅེ།
  • ཝུའུ་དབྱིང་ཅེས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལས་དོན་ལ་བརྟག་ཞིབ་གནང་སྐབས།

    ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ།

    ​ཏིང་ཡེ་ཤན་སོགས་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-27

    625822_yis_1558844748801_b.jpg

    འདི་ནི་ཝུའུ་དབྱིང་ཅེས་ཀུན་བདེ་གླིང་མངགས་གཏོང་ཁང་དུ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་དང་། སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག དྲ་མིག་དཔོན། དུད་སྦྲེལ་སྤྱི་མི། ཏང་ཡོན། གྲོང་མི་དང་ཚོང་དུད་ཀྱི་འཐུས་མི་བཅས་དང་ལྷན་དུ་འཕེལ་རྒྱས་དང་། བརྟན་ལྷིང་། དམངས་འཚོ་བཅས་ཀྱི་སྐོར་གླེང་གནང་ནས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལས་དོན་སྐོར་ཚང་མའི་བསམ་འཆར་དང་གྲོས་འགོ་གསན་བཞིན་པ།

    ཚེས་24ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས། གཞི་རིམ་མངགས་གཏོང་ཁང་བཅས་སུ་ཕེབས་ནས་རང་ལྗོངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་རེད། ཝུའུ་དབྱིང་ཅེས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཡག་པོ་སྤེལ་བ་དང་རྒྱལ་ཁ་ལེན་རྒྱུ་དེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་ཞིབ་ཕྲའི་བྱ་སྤྱོད་དུ་བརྩི་བ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བའི་བྱེད་ཐབས་ནུས་ལྡན་དུ་བརྩིས་ནས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་ལས་འགན་ཁག་དོན་འཁྱོལ་བྱེད་རྒྱུར་དམ་འཛིན་ནན་པོ་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་མཚོན་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ལིའུ་ཅང་བཅས་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།

    ཐོག་མར་ཝུའུ་དབྱིང་ཅེས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་སུ་ཕེབས་ནས་ལྷ་ས་གྲོང་ཁྱེར་གྱི་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་གྲུབ་འབྲས་འགྲེམས་སྟོན་གྱི་དྲིལ་བསྒྲགས་པར་གཞི་དང་། འགྲེམས་པང་། གྱོད་འབྲེལ་དངོས་པོ་བཅས་ལ་གཟིགས་པ་མ་ཟད། ལྷ་ས་གྲོང་ཁྱེར་གྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་རེད། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ནག་སེལ་གཤེད་བཅོམ་གཞུང་ལས་ཁང་དུ་ཝུའུ་དབྱིང་ཅེས་རང་ལྗོངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་བཀོད་སྒྲིག་དང་། ཁུངས་སྣེ་གྲལ་བཤེར། གྱོད་གཞི་སྒྲུབ་གཉེར་སོགས་ཀྱི་ལས་དོན་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་ཐེར་འདོན་ལྟེ་གནས་ཀྱི་ལས་རེས་མི་དམངས་ཉེན་རྟོག་པར་བྱམས་བརྩེའི་ངང་གཟིགས་ནས་ཁོང་ཚོར་རང་འཁྲིའི་ལས་གནས་ལ་གཞི་ཚུགས་པ་དང་། འགན་འཁྲི་དང་ལས་འགན་ཡག་པོ་སྒྲུབ་པ། ཐེར་འདོན་བྱས་པའི་ཁུངས་སྣེ་རེ་རེར་ལྟ་སྟངས་ཡག་པོ་འཛིན་པ། སྔ་ཕྱི་བར་གསུམ་དུ་དཔའ་ངར་ཆེར་བསྐྱེད་ཀྱི་བློ་སྟོབས་རྒྱུན་འཛིན་བཅས་བྱས་ཏེ་རང་ཉིད་ཀྱི་དཀའ་སྤྱད་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་གཏོང་དགོས་པའི་སྐུལ་ལྕག་གནང་བ་རེད།

    ཀུན་བདེ་གླིང་མངགས་གཏོང་ཁང་དུ་ཝུའུ་དབྱིང་ཅེས་ནག་སེལ་གཤེད་བཅོམ་གྱི་འགྲེམས་པང་དང་དྲིལ་བསྒྲགས་དངོས་རྫས་ལ་ནན་ཏན་ངང་གཟིགས་པ་དང་འབྲེལ། ཀུན་བདེ་གླིང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་དང་། སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག དྲ་མིག་དཔོན། དུད་སྦྲེལ་སྤྱི་མི། ཏང་ཡོན། གྲོང་མི་དང་ཚོང་དུད་ཀྱི་འཐུས་མི་བཅས་དང་བཞུགས་མོལ་གནང་ཞིང་། ཁོང་རང་ཉིད་བོད་དུ་ལོ་བཅུ་ཕྲག་བཞུགས་རིང་གི་མྱོང་ཚོར་ཟབ་མོ་དང་ཟུང་འབྲེལ་གནང་སྟེ་ཁོང་ཚོ་དང་མཉམ་དུ་འཕེལ་རྒྱས་དང་། བརྟན་ལྷིང་། དམངས་འཚོ་བཅས་ཀྱི་སྐོར་གླེང་གནང་བ་མ་ཟད། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལས་དོན་ལ་འཛིན་པའི་ཚང་མའི་བསམ་འཆར་དང་གྲོས་འགོ་ཡང་གསན་པ་རེད། ལྷ་ཀླུ་སྡེ་ཁུལ་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་ཆུང་བདག་དང་། རྒྱ་མཚོ་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ངག་དབང་ལྷ་མོ། བདེ་སྐྱིད་སྡེ་ཁུལ་གྱི་དུད་སྦྲེལ་སྤྱི་མི་མཐར་མཆོག ཞོལ་སྡེ་ཁུལ་གྱི་དྲ་མིག་དཔོན་འཆི་མེད་དཔལ་སྒྲོལ། སྡེ་ཁུལ་གྲོང་མིའི་འཐུས་མི་བག་བྲོ་ཚོང་དུད་ཀྱི་འཐུས་མི་ལི་ཁྲུང་ཅན་བཅས་དང་། དེ་བཞིན་ཀུན་བདེ་གླིང་ཁྲོམ་གཞུང་དོན་གཅོད་ཁྲུའུ་དང་མངགས་གཏོང་ཁང་གི་འགན་འཁུར་བ་སོགས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་བ་རེད།

    ཚང་མའི་གཏམ་བཤད་གསན་རྗེས། ཝུའུ་དབྱིང་ཅེ་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་ཐོག་མར་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་ནག་སེལ་གཤེད་བཅོམ་གྱི་འཐབ་ས་མདུན་མར་འབད་འཐབ་བྱེད་བཞིན་པའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་དང་། གཞི་རིམ་ལས་བྱེད་པ། ནག་སེལ་གཤེད་བཅོམ་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་མཁན་གྱི་མི་རིགས་ཁག་གི་མང་ཚོགས་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད།

    ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། ང་ཚོས་ངེས་པར་དུ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱེད་པ་དང་རྩ་འཛུགས་ཀྱི་འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ནག་ཚོགས་ཡོད་ན་རྡུང་རྡེག་གཏོང་བ་དང་། ནག་ཚོགས་མེད་ན་གཤེད་མ་བཅོམ་པ། གཤེད་མ་མེད་ན་ཟང་ཟིང་བཅོས་སྒྲིག་བཅས་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ལས་འགན་ཁག་དོན་འཁྱོལ་ནན་པོ་བྱེད་པ་དང་། ཐར་པར་གཏན་ནས་མི་གཏོང་བའི་རྣམ་འགྱུར་ཐོག་ནས་ནག་གཤེད་ཕྱོགས་གཏོགས་སྣ་ཚོགས་ལ་ཁྲིམས་ཆད་གཅོད་པ། བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་མཚོན་པ་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་ཐུགས་བློ་ཚིམ་པའི་རྒྱུགས་ལན་ཞིག་འབུལ་དགོས། རྒྱ་ཆེའི་གཞི་རིམ་ཏང་སྲིད་རྩ་འཛུགས་དང་། གྲོང་སྡོད་དང་དགོན་སྡོད་ལས་བྱེད་པ། དྲ་མིག་དཔོན། དུད་སྦྲེལ་སྤྱི་མི་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་སྤྱད་ནས་ཐོན་པའི་ཤུགས་རྐྱེན་ངན་པ་དར་ཆ་གསལ་སྟོན་གྱིས་མེད་པར་བཟོ་བ་དང་། གསོན་ཉམས་དོད་པའི་དོན་དངོས་ཀྱི་ཐོག་ནས་རྒྱ་ཆེའི་མང་ཚོགས་ལ་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པ་དང་། ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ། སེམས་ནུས་དེ་བས་མང་བ་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ལེགས་སུ་གཏོང་བའི་ཐད་བཞག་སྟེ་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས། མི་རིགས་མཐུན་སྒྲིལ་གྱི་ལས་དོན་སེམས་ལ་བཞག་ནས་ཡག་པོ་བསྒྲུབས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱིས་ཁྱད་པར་ལ་བརྩི་འཇོག་དང་། སྤུན་ཉེ་འཆམ་མཐུན། ཕན་ཚུན་ལྟ་སྐྱོང་བཅས་ལ་སློབ་གསོ་ཁྲིད་སྟོན་བྱས་ཏེ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། “བཅའ་ཁྲིམས་ཁྱབ་གདལ”སློབ་གསོར་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བཅའ་ཁྲིམས་བརྩི་འཇོག་དང་། སློབ་སྦྱོང་། བརྩི་སྲུང་། བེད་སྤྱོད་བཅས་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་བཏང་སྟེ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་ཆེད་ཁྲིམས་སྐྱོང་ཁོར་ཡུག་བཟང་པོ་ཧུར་ཐག་གཏོད་དགོས། “ཧྥུང་ཆའོ་ཡི་ཉམས་མྱོང”སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས་གཞི་རིམ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་གཙོ་གནད་གནད་དོན་སྔོན་འགོག་དང་། དཀའ་གནད་གནད་དོན་ལ་དམིགས་པ། གླེང་མང་བའི་གནད་དོན་གསེད་དཀྲོལ། སྤྱིར་བཏང་གི་གནད་དོན་ལ་ལན་སློག་པ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་འགལ་ཟླ་དང་རྩོད་གཞི་ཐག་གཅོད་འོས་འཚམ་བྱས་ནས་གནས་ཚུལ་ཐོན་ཉེའི་མཚམས་དང་གཞི་རིམ་ནས་ཐག་གཅོད་ཧུར་ཐག་བྱེད་དགོས། ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས་རྡུང་འགོག་མཉམ་འཛིན་དང་རྩ་ལག་མཉམ་བཅོས་བྱས་ཏེ་ནག་གཤེད་ཕྱོགས་གཏོགས་ཀྱི་རྒྱབ་རྩ་མཐའ་གཅིག་ཏུ་མེད་པར་བཟོ་དགོས། རྒྱ་ཆེའི་ཚོང་དུད་ཀྱིས་ཁྲིམས་ལྟར་གཉེར་སྐྱོང་དང་མང་ཚོགས་ལས་ཀར་ཧུར་ཐག་བཅུག་ནས་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

    ཝུའུ་དབྱིང་ཅེས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་ཁ་་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ། “བརྟན་ལྷིང”ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས། གཏན་འཁེལ་ཟིན་པའི་བརྟན་ལྷིང་སྲུང་སྐྱོང་གི་བཀོད་སྒྲིག་དོན་འཁྱོལ་ནན་པོ་བཅས་བྱས་ཏེ། སྤྱི་ཚོགས་བཅོས་སྐྱོང་དེ་གཞན་སྐུལ་བརྟན་ལྷིང་ནས་རང་འགུལ་བརྟན་ལྷིང་དུ་འགྱུར་རྒྱུར་སྔར་བས་སྐུལ་འདེད་བཏང་སྟེ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་ཆེད་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ཅིག་གཏོད་དགོས། རིམ་ཁག་སྤྱི་བདེ་ལས་ཁུངས་དང་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པས་ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་པ་འཛུགས་སྐྱོང་དང་། སྒྱུར་བཅོས་ལ་བརྟེན་ནས་ཉེན་རྟོག་པ་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་པ་དར་རྒྱས་གཏོང་བ། ཉེན་རྟོག་པ་ནན་པོས་སྐྱོང་བ་བཅས་བྱས་ཏེ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་སྤེལ་རྒྱུ་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ལ་བརྩིས་ཏེ། སྤེལ་ཉེར་ཡོད་པའི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བ”ཡི་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ནས་མང་ཚོགས་ཁྲོད་དུ་བསྐྱོད་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བ། མང་ཚོགས་ལ་སློབ་གསོ་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་རྣམས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཅ་ལི་གོ་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།