[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝུའུ་དབྱིང་ཅེ།
  • ཝུའུ་དབྱིང་ཅེས་ལྷུན་གྲུབ་རྫོང་དུ་དབུལ་སྒྲོལ་འགག་སྒྲོལ་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-11-07

    565040_yis_1541478214247_s.jpg

    ཟླ་11ཚེས་5ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ལྷུན་གྲུབ་རྫོང་དུ་ཕེབས་ནས་དབུལ་སྒྲོལ་འགག་སྒྲོལ་དང་། ཐོན་ལས་འཕེལ་རྒྱས། སློབ་གྲྭ་ཆེ་མོ་བའི“གཉིས་གཏོད”སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད། འདི་ནི་ཝུའུ་དབྱིང་ཅེས་མཁར་རྩེ་ཤང་མཁར་རྩེ་གྲོང་གསར་གྱི་དུས་ཐེངས་གཉིས་པའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་དུ་ཁག་དང་པོའི་ས་ངན་ཡུག་ཁུལ་གྱི་གནས་སྤོས་མང་ཚོགས་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བཞིན་པ།

    དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱ་རྒྱུ་དེ་ནི་རང་རེའི་ཏང་གིས་མི་དམངས་ལ་བཞག་པའི་བརྗིད་ཆེའི་དམ་བཅའ་ཞིག་རེད། ཚེས་5ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ལྷུན་གྲུབ་རྫོང་དུ་ཕེབས་ནས་དབུལ་སྒྲོལ་འགག་སྒྲོལ་དང་། ཐོན་ལས་འཕེལ་རྒྱས། སློབ་གྲྭ་ཆེ་མོ་བའི“གཉིས་གཏོད”སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩི་བ་དང་། བསམ་བློ་དང་བྱ་སྤྱོད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ། གནད་སྨིན་ཇུས་འདོན་ཐད་བྱེད་ཐབས་དངོས་འདོན་པ་དང་གནད་སྨིན་སྐུལ་འདེད་ཐད་གོང་འོག་ཚང་མས་གཞོལ་བ། གནད་སྨིན་དོན་འཁྱོལ་ཐད་ཕན་འབྲས་དངོས་ཐོབ་པ་བཅས་བྱས་ནས་དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།

    ལྷུན་གྲུབ་རྫོང་མཁར་རྩེ་ཤང་དཔེ་སྣང་གྲོང་ཚོའི་ས་ངན་ཡུག་ཁུལ་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་དུ་ཝུའུ་དབྱིང་ཅེས་འགྲེམས་པང་ལ་ནན་ཏན་ངང་གཟིགས་པ་མ་ཟད། བཟོ་སྐྲུན་གྱི་འགྲོ་གྲོན་དང་། ཁང་པའི་འཆར་འགོད། ཐོན་ལས་ལེ་ལག་ཆ་ཚང་བ་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཝུའུ་དབྱིང་ཅེས་ད་ཡོད་ཀྱི་དབུལ་སྐྱོར་ཚད་གཞི་མཐའ་འཁྱོངས་བྱེད་པ་དང་གཞི་ཁྱོན་གཅིག་སྡུད་འོས་འཚམ་གྱི་རྩ་དོན་ལ་གཞིགས་ནས་དབུལ་སྐྱོར་གནས་སྤོ་དེ་གྲོང་ཁྱེར་དང་གྲོང་རྡལ་དུ་གཅིག་སྡུད་དང་ཐོན་སྐྱེད་རྒྱུ་ཆ་ཕུན་སུམ་ཚོགས་པ་དང་རྨང་གཞིའི་སྒྲིག་བཀོད་ཅུང་འཐུས་སྒོ་ཚང་བའི་ས་ཁུལ་དུ་གཅིག་སྡུད་བྱེད་པའི་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། དམངས་ཀྱི་འདོད་བློར་བརྩི་འཇོག་དང་། མི་དམངས་ཀྱི་བློ་གྲོས་གཅིག་སྡུད་གང་ལེགས་བྱས་ཏེ། ལུགས་མཐུན་ངང་སྡོད་ཁང་ཇུས་འགོད་ཡག་པོ་བྱས་ནས་གནས་སྤོ་བྱ་ཡུལ་གྱི་སྡོད་ཁང་སྤྱོད་གོ་ཆོད་པ་དང་། སྤྱོད་བསྲན་ཆེ་བ། འདང་ངེས་ཡོད་པ་བཅས་དང་གནས་སྤོས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སྟབས་བདེ་ཡོང་བར་བྱེད་དགོས་པ་དང་། གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་མཐའ་འཁྱོངས་བྱས་ཏེ་འཁྱག་དུས་གོས་དང་ལྟོགས་དུས་ཟས་སྐྱེལ་བ་ལྟ་བུའི་ལས་དོན་མང་ཙམ་བསྒྲུབས་པ་ལས་གཡང་རྩེའི་སྒང་ལ་ཡས་སྒྲོན་ལྟར་མི་བྱེད་པ་དང“ཕན་བདེའི་དོང་རྙི”དང“གཡང་གཟར་ནུས་འབྲས”ཀྱི་གནས་ཚུལ་མི་ཐོན་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    མཁར་རྩེ་ཤང་མཁར་རྩེ་གྲོང་གསར་གྱི་དུས་ཐེངས་གཉིས་པའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་གྱི་འགྲོ་ལམ་ཡངས་པ་དང་སྡོད་ཁང་གྲལ་བསྒྲིགས་ཤིང་། ཁག་དང་པོའི་ས་ངན་ཡུག་ཁུལ་གྱི་མང་ཚོགས་དུད་ཚང་57དེ་གར་སྤོས་ཡོད། ཧྲུའུ་ཅི་ཝུའུ་དབྱིང་ཅེ་མང་ཚོགས་ལ་གཟིགས་པར་ཕེབས་པ་ཤེས་སྐབས། གནས་སྤོས་མང་ཚོགས་ཚོས་མ་གྲོས་གཅིག་མཐུན་ངང་མཉམ་དུ་འཛོམས་ནས་ལག་ཏུ་ཁ་བཏགས་ཁྱེར་ཏེ་ཧྲུའུ་ཅིར་དགའ་བསུ་ཞུས་པ་དང་འབྲེལ་ཚང་མས་འཚང་ཁ་ཤིག་ཤིག་ངང་སེམས་ནང་གི་སྙིང་གཏམ་ཧྲུའུ་ཅིར་བཤད། གནས་སྤོས་མང་ཚོགས་ཚོ་ད་ཆ་ཡིད་ཆེས་ཀྱིས་ཁེངས་ལ་སེམས་ཤུགས་ཆེ་བ་དང་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་རང་ཉིད་ཀྱི་བདེ་སྐྱིད་འཚོ་བ་བཏོད་ནས་རྒྱ་མཚོ་ལྟར་ཟབ་པའི་ཏང་གི་བཀའ་དྲིན་འཇལ་རྒྱུའི་ཆོད་སེམས་ཆེན་པོ་ཡོད་པ་མཁྱེན་སྐབས། ཝུའུ་དབྱིང་ཅེ་ཐུགས་མགུ་པོ་བྱུང་བ་རེད། ཁོང་གིས་བོད་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཁུལ་འབའ་ཞིག་ཡིན་པ་དང་ས་ངན་ཡུག་ཁུལ་ནི་བོད་ཀྱི་དབུལ་པོའི་ནང་གི་དབུལ་པོ་དང་། དཀའ་ངལ་ཁྲོད་ཀྱི་དཀའ་ངལ། དཀའ་གནད་ཁྲོད་ཀྱི་དཀའ་གནད། འགག་སྒྲོལ་ནང་གི་འགག་སྒྲོལ་བཅས་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་ཞིག་རེད་ལ། “ཡུལ་ཕྱོགས་གཅིག་གི་ས་ཆུས་ཡུལ་ཕྱོགས་དེའི་མི་གསོ་མི་ཐུབ་པའི”དཔེ་མཚོན་ས་གནས་ཤིག་ཀྱང་རེད། དབུལ་སྐྱོར་གསར་སྤེལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་ཆེད་རང་སྐྱོང་ལྗོངས་ཀྱིས་དོན་དངོས་ལ་གཞི་ཚུགས་པ་དང་མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་བྱས་ཏེ་ས་ངན་ཡུག་ཁུལ་གྱི་མང་ཚོགས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་རྒྱུའི་གཏན་འབེབས་བྱས་ཡོད། ད་ཆ་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཐུན་མོང་འབད་བརྩོན་འོག་ཁྱེད་ཚོ་ལྷ་སར་སྤོས་ཐུབ་པ་དང་དབུལ་པོའི་དྲུངས་ནས་བྱིན་པས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་སེམས་གཏིང་ནས་ཁྱེད་ཚོར་དགའ་ཚོར་བྱེད་ཀྱི་ཡོད། འོན་ཀྱང་བདེ་སྐྱིད་གནམ་ནས་ཟག་མི་སྲིད་པས་རང་ཉིད་ཀྱི་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་ལ་བརྟེན་དགོས། ཁྱེད་ཚོས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་རྒྱ་མཚོ་ལྟར་ཟབ་པའི་བཀའ་དྲིན་བློ་ལ་བཅངས་ནས་དེ་བས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་སྲུང་སྐྱོང་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་། མེས་རྒྱལ་གཅིག་གྱུར་དང་། སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ་བཅས་སྲུང་སྐྱོང་། ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་བཅས་བྱས་ཏེ་སྐྱོན་བྲལ་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་དོན་གཉེར་དང་། “མི་རབས་འདིས་དཀའ་ལས་བརྒྱབ་ནས་ཕ་ཚ་བུ་རྒྱུད་བདེ་སྐྱིད་ཡོང་བའི”གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་པ་དང་སྒུག་རྟེན་སློང་གསུམ་གྱི་བསམ་བློ་ཁྱད་བསད་བྱས་ནས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ཏེ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་གཏོད་པ། ས་གནས་དང་འབྲེལ་འདྲིས་དང་མཐའ་འཁོར་མང་ཚོགས་དབར་འགྲོ་འོང་སྤེལ་རེས་དང་ཕན་ཚུན་རོགས་རམ་བཅས་བྱས་ནས་མཉམ་དུ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་པ་བཅས་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས།

    རིག་འཛིན་རྡོ་རྗེའི་ཁྱིམ་གསར་པར་ཝུའུ་དབྱིང་ཅེས་ནང་མི་ཚོ་དང་མཉམ་དུ་བཞུགས་ནས། སྡོད་ཁང་མ་སྤོས་གོང་དང་སྤོས་རྗེས་ཀྱི་འཚོ་བའི་འགྱུར་ལྡོག་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཝུའུ་དབྱིང་ཅེས་ཁྱེད་ཚོའི་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ཏང་གི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཞིག་རེད། ཁྱེད་ཚོས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པའི་རེ་བ་ཡོད། རྫོང་གིས་དམངས་ཕན་གཱ་ཡི་བྱེད་ཐབས་ནས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་ལས་བྱེད་པ་དང་འབྲེལ་བ་བྱེད་སྟངས་གནས་སྤོས་མང་ཚོགས་དབུལ་པོའི་དུད་ཚང་ཚང་མར་སྤྲད་པ་མཁྱེན་སྐབས། ཝུའུ་དབྱིང་ཅེས་རང་རེའི་ཏང་གི་དམིགས་ཡུལ་ནི་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་མང་ཚོགས་སེམས་སུ་བཅངས་ནས་ཁོངས་གཏོགས་ཀྱི་དོ་དམ་འགན་འཁྲིར་ཤུགས་སྣོན་རྒྱག་པ་དང་གནས་སྤོས་མང་ཚོགས་རང་ཉིད་ཀྱི་སྤུན་མཆེད་ལ་བརྩིས་ནས་འབྲེལ་གཏུགས་ལ་ཤུགས་སྣོན་རྒྱག་པ་དང་། བརྩེ་དུང་ཟབ་ཏུ་གཏོང་བ། སེམས་རྩ་འཁོལ་པོས་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་ངང་མང་ཚོགས་ཀྱི་དཀའ་ངལ་བསལ་ནས་ཁོང་ཚོར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཚོར་ཐུབ་པ་བྱེད་དགོས། ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་དང་དཀའ་སྤྱད་འབད་འཐབ་དང་རང་སྟོབས་རང་སྤེལ་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། དབུལ་སྐྱོར་དང་བློ་སྐྱོར་རིག་སྐྱོར་ཟུང་འབྲེལ་ལ་གཙིགས་ཆེན་བྱས་ཏེ་མང་ཚོགས་དབུལ་པོར་བློ་སྟོབས་དང་། ཡིད་ཆེས། ལག་རྩལ་བཅས་མཁོ་འདོན་བྱས་ནས་མང་ཚོགས་དབུལ་པོའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཧུར་བརྩོན་གྱི་རང་བཞིན་དང་རང་འགུལ་གྱི་རང་བཞིན་སྐོང་འཐེན་བྱེད་དགོས་པ། གཞི་རིམ་ཏང་རྩ་འཛུགས་བརྟན་དུ་གཏོང་བ་དང་དབུལ་སྒྲོལ་འགག་སྒྲོལ་ཟུང་འབྲེལ་བྱེད་པ་དང་། ཀྲི་པུའི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཕྱུག་འགྱུར་སྣེ་ཁྲིད་མི་སྣ་ཡག་པོ་འདེམས་པ་དང་ཡག་པོ་སྤྱོད་པ་བཅས་བྱས་ཏེ་གྲོང་ལྷན་ཏང་རྩ་འཛུགས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། མཐུན་སྒྲིལ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆགས་ཐུབ་པ། བརྟན་ལྷིང་སྲུང་སྐྱོང་ཐུབ་མཁན་བཅས་སུ་འགྱུར་བར་བྱེད་པ་དང་འབྲེལ། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ་དང་འགག་རྩའི་དུས་སུ་ནུས་པ་འདོན་ཐུབ་པ་བྱེད་དགོས་ཞེས་གསུངས།

    བྱང་ཁ་ཤང་བྱང་ཁ་གྲོང་ཚོའི་ལྷུན་གྲུབ་ཞིང་རའི་གནས་རྙིང་ནི་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་ཚན་པ་ཞིག་རེད། ད་ཕན་ལོ་ཤས་རིང་ལྷུན་གྲུབ་རྫོང་གིས་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་དང་འབྲེལ་གསར་བརྗེའི་ཡུལ་སྐོར་འཕེལ་རྒྱས་ཧུར་ཐག་བཏང་ནས་ས་གནས་ཞིང་འབྲོག་མང་ཚོགས་200ལྷག་ཙམ་གྱི་ལས་ཀ་དང་ཡོང་འབབ་ཐག་གཅོད་བྱས་ཡོད། ཝུའུ་དབྱིང་ཅེས་ཕེབས་གྱིན་གཟིགས་གྱིན་དུ་འབྲེལ་ཡོད་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། འཛུགས་སྐྲུན་རེ་རེ་དང་། དངོས་པོ་རེ་རེ། པར་རེ་རེ་བཅས་ལས་མེ་ལྟར་ཚ་བའི་ལོ་རབས་སུ་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་དཀའ་སྤྱད་འབད་འཐབ་ཀྱི་མི་སེམས་འགུལ་བའི་རྣམ་པ་མངོན་ཞིང་། ཝུའུ་དབྱིང་ཅེས་གསར་བརྗེའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བ་དེས་མི་རིགས་ཁག་གི་མང་ཚོགས་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་འཆང་བ་དང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱག་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་ཐུབ་པ་མ་ཟད། ས་གནས་ཀྱི་མང་ཚོགས་ངལ་རྩོལ་ལ་བརྟེན་ནས་ཕྱུག་འགྱུར་ཐུབ་རྒྱུར་སྣེ་ཁྲིད་དང་དབུལ་སྒྲོལ་འགག་སྒྲོལ་ལ་རོགས་རམ་ཡང་བྱེད་ཐུབ། རིམ་པ་ཁག་དང་སྡེ་ཚན་ཁག་གིས་གསར་བརྗེའི་རྣམ་པ་སྲུང་སྐྱོང་དང་གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་ཏེ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་བཅངས་ཏེ་རྒྱུན་ཆད་མེད་པར“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”ལ་དུས་རབས་ཀྱི་ནང་དོན་གསར་པ་སྣོན་དགོས། གསར་བརྗེའི་ཡུལ་སྐོར་ལས་སྟེགས་ལ་བརྟེན་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་རྒྱ་ཁྱབ་དང་གཏིང་ཟབ་སྤེལ་ནས་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་དྲང་ནུས་སྟོབས་ཆེན་གཅིག་སྡུད་བྱེད་དགོས་ཞེས་གསུངས།

    ལྷུན་གྲུབ་རྫོང་ན་གཞོན(སློབ་གྲྭ་ཆེ་མོ་བ)ལས་གཏོད་གླིང་དུ་ཝུའུ་དབྱིང་ཅེས་སྔ་རྗེས་སུ་ལྷུན་གྲུབ་གོང་བུ་ཚང་སྐྱེད་ཚལ་སྔོ་ལྗང་ཚད་ཡོད་ཀུང་སི་དང་བོད་ལྗོངས་གླང་མ་ཞིང་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི་སོགས་སློབ་གྲྭ་ཆེ་མོ་བའི་ལས་གཏོད་ཀུང་སི་བཅུ་ལ་རྟོག་ཞིབ་གནང་ཞིང་། གང་དུ་ཕེབས་རིམ་བཞིན་ཁོང་གིས་ཀུང་སིའི་འགན་ཁུར་བར་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་དང་ཀུང་སིའི་ལས་སྒོ་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཚང་མས་སེམས་འགུལ་ཆེན་པོས་རང་སྐྱོང་ལྗོངས་ཀྱིས“གཉིས་གཏོད”ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ལེགས་པ་དང་ལག་བསྟར་ཡག་པོ་བྱུང་བས་ང་ཚོར་ཕན་པ་མི་དམན་པ་ཐོབ་བྱུང་ལ། ལས་གཏོད་གསར་གཏོད་ཀྱི་ཡིད་ཆེས་དང་ཆོད་སེམས་ཀྱང་ཆེ་རུ་ཕྱིན་སོང་ཞེས་བཤད། སློབ་གྲྭ་ཆེ་མོ་བ་གཅིག་གི་ལས་གཏོད་ཀྱིས་ཁྱིམ་ཚང་དང་སྤུན་མཆེད་ལས་ཞུགས་དང་། ཐོན་ལས་འཁོར་འབྲེལ་ཆགས་པ། ཟུར་སྣོན་རིན་ཐང་འཕར་བ། མང་ཚོགས་དབུལ་པོའི་འབབ་འཕར་ཕྱུག་འགྱུར་བཅས་ལ་སྣེ་ཁྲིད་ཐུབ་པ་མཁྱེན་སྐབས། ཝུའུ་དབྱིང་ཅེས་ལས་གཏོད་བྱེད་མཁན་ལ་བསྔགས་བརྗོད་གནང་བ་རེད། ཁོང་གིས་ལས་གཏོད་ནི་ལས་ཞུགས་ཡག་ཤོས་ཞིག་རེད། དུས་རབས་གསར་པས་མི་ཚང་མར་མི་འཚེའི་འཇོན་ཐང་ངོམ་པའི་གོ་སྐབས་མཁོ་འདོན་བྱས་ཡོད་པས་སློབ་གྲྭ་ཆེ་མོ་བའི་ལས་གཏོད་ལ་མདུན་ལམ་ཆེན་པོ་ལྡན་ཡོད། རྒྱ་ཆེའི་མཐོ་སློབ་སློབ་ཐོན་སློབ་མ་ཚོས་ཡིད་ཆེས་བརྟན་དུ་གཏོང་བ་དང་འདུ་ཤེས་བསྒྱུར་ནས“གཉིས་གཏོད”ཀྱི་རླབས་རྒྱུན་ཆེ་མོའི་ནང་ཞུགས་པ་དང་རྒྱུན་ཆད་མེད་པར་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་ཞུམ་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་བློ་ཁོག་ཆེན་པོས་ཁྲོམ་ར་གསར་འབྱེད་བྱས་ཏེ་ལས་སྒོ་དེ་བས་ཞིབ་ཚགས་སུ་གཏོང་བ་དང་ཀུང་སི་རྒྱ་སྟོབས་ཆེ་རུ་གཏོང་དགོས། རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་གྱིས་རང་སྐྱོང་ལྗོངས་ཀྱིས་ལས་གཏོད་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་ཇི་མ་ཇི་བཞིན་དོན་འཁྱོལ་བྱས་ནས་བློ་གཅིག་སེམས་གཅིག་གིས་ལས་གཏོད་པ་ཚོར་བྱ་བ་སྒྲུབ་པ་དང་དཀའ་ངལ་སེལ་རོགས་བྱེད་དགོས་ཤིང་སློབ་གྲྭ་ཆེ་མོ་བ་དེ་བས་མང་བ་ཕ་ཡུལ་དུ་ལོག་ནས་ལས་གཏོད་དང་གྲོང་གསེབ་དར་རྒྱས་གཏོང་བའི་ནང་ཞུགས་རྒྱུར་སྐུལ་ལྕག་བྱས་ཏེ་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་ཞེས་གསུངས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།