[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝུའུ་དབྱིང་ཅེ།
  • ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་པ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱ་ཆེའི་དམངས་གཉེར་ཁེ་ལས་མཁས་ཅན་ལ་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་འབྲེལ། རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོག་རྒྱུའི་གཏན་འབེབས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-27

    ཚེས་25ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱ་ཆེའི་དམངས་གཉེར་ཁེ་ལས་མཁས་ཅན་ལ་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་དང་། རྒྱལ་ཡོངས་ཀྱི་ཏང་ཨུད་དྲུང་ཆེའི་ཚོགས་འདུའི་ཐོག་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དེ་བཞིན་རྒྱལ་ཡོངས་ཀྱི་ཏང་ཨུད་ཀྱི་དྲུང་ཆེའི་ཚོགས་འདུའི་དགོངས་དོན་དང་། རྒྱལ་ཡོངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་སྐུལ་འདེད་ཚོགས་འདུའི་དགོངས་དོན། 《〈བོད་རང་སྐྱོང་ལྗོངས་ཀྱི་ལས་ཁུངས་སྒྱུར་བཅོས་ཀྱི་ཇུས་གཞི〉འགྲེམས་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོ》བཅས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་ལས་ཁུངས་སྒྱུར་བཅོས་སྐོར་གྱི་ལག་བསྟར་བསམ་འཆར(གྲོས་བསྡུར་མ་ཟིན)》ལ་ཞིབ་འཇུག་བྱས་པ་དང་འབྲེལ། ཟླ་10ཚེས་29ཉིན་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོག་རྒྱུའི་གཏན་འབེབས་བྱས་པ་རེད། ཚོགས་འདུས་ད་དུང་2018ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་གྱི་སྙན་ཞུ་དང་དེ་བཞིན་གོམ་སྟབས་རྗེས་མའི་ལས་དོན་གྱི་གྲོས་འགོ་དང། 2018ལོའི་ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་གནས་ཚུལ་སྙན་སེང་། ལྗོངས་ཡོངས་ཀྱི“ཚད་གཞི་བཞི་བརྩི་སྲུང་ལག་བསྟར་གྱིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོའི་དཔེ་བཟང་དགོན་སྡེ་དང་ཕུལ་བྱུང་གྲྭ་བཙུན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་དང་སློབ་སྦྱོང་སྤེལ་རེས་ཀྱི་བཞུགས་མོལ་ཚོགས་འདུའི་གྲ་སྒྲིག་གནས་ཚུལ་སྙན་སེང་བཅས་གསན་པ་དང་སྦྲགས། 《བོད་རང་སྐྱོང་ལྗོངས་ཀྱི་གཞི་རིམ་གྱི་ཞིང་འབྲོག་ཚན་རྩལ་མི་སྣའི་ཡར་སྐུལ་འགན་ལེན་བྱ་ཐབས(ཚོད་ལྟའི་ལག་བསྟར)》ལ་གྲོས་ཞིབ་བྱས་པ་རེད། 

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 

    ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་དམངས་གཉེར་ཁེ་ལས་ཀྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་གདེང་འཇོག་གང་ལེགས་བྱས་ནས་རིམ་པ་ཁག་དང་སྡེ་ཚན་ཁག་དང་ལྷག་དོན་དུ་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱིས“འདུ་ཤེས་བཞི”སྔར་བས་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་མཁས་ཅན་ལ་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་བྱེད་པ། ལྗོངས་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚོགས་ཆེན་ཐེངས་གཉིས་པའི་བཀོད་སྒྲིག་དང་བླང་བྱར་གཞིགས་པ། འཐུས་སྒོ་ཚང་བའི་གཟིགས་སྐྱོང་སྲིད་ཇུས་བཟོ་བ། ཚོང་གཉེར་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ། རིགས་ཁག་གི་ཤེས་ལྡན་པ་དམངས་གཉེར་ཁེ་ལས་ནང་ཞུགས་རྒྱུའི་ཡིད་དབང་འགུགས་པ་དང་རྒྱབ་སྐྱོར་བྱེད་པ། བློ་རྒྱ་ཡངས་པོས་ཚོང་འགུགས་མ་འདྲེན་བྱེད་པ་བཅས་བྱས་ནས་དམངས་གཉེར་ཁེ་ལས་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་འགྲོ་ཆེད་ཆ་རྐྱེན་བཟང་པོ་བསྐྲུན་དགོས་པ་དང་། ཁྲོམ་ར་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ་དང་། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཆ་རྐྱེན་བཟང་པོ་བསྐྲུན་དགོས་པ། དམངས་གཉེར་ཁེ་ལས་འཕེལ་རྒྱས་འགྲོ་རྒྱུར་སེམས་ནུས་གང་ཡོད་བཏོན་ནས་རྒྱབ་སྐྱོར་བྱས་ནས་ཁོང་ཚོར་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱེད་དགོས་པ། ཁེ་ལས་ཀྱི་ཐོན་འཕར་ཕན་ཆེ་དང་། ལས་བཟོའི་ཕན་བདེ་དང་ཐོབ་ཐང་ལེགས་གཏོང་། ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། མཐོ་སློབ་ཀྱི་སློབ་ཐོན་སློབ་མ་སྲིད་གཞུང་དུ་ལས་ཞུགས་དང་ཁྲོམ་རར་ལས་ཞུགས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། ཁྱད་ལྡན་ཐོན་ལས་དང་དབུལ་སྒྲོལ་འགག་སྒྲོལ་སོགས་ཀྱི་གཙོ་གནད་ལས་དོན་ལ་དམིགས་པ་བཅས་བྱས་ནས། དམངས་གཉེར་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་ཁེ་ལས་ཁག་གིས་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་རྒྱུར་སྐུལ་འདེད་གཏོང་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དམངས་གཉེར་ཁེ་ལས་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ལས་དོན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས། དམངས་གཉེར་ཁེ་ལས་མཁས་ཅན་འཚར་ལོངས་ཡོང་བར་སེམས་ཁུར་བྱེད་པ་དང་། རིགས་ཁག་གི་དམངས་གཉེར་ཁེ་ལས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། སྲིད་ཚོང་དབར་གྱི་ཉེ་གཙང་འབྲེལ་བ་གསར་པ་སྔར་བས་གཏོད་པ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་ཡོངས་ཀྱིས་དམངས་གཉེར་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས་ཞེས་བསྟན་པ་རེད། 

    ཚོགས་འདུའི་ཐོག་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་གྱི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་གནང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་སྒྱུར་བཅོས་གཏིང་ཟབ་ཅིག་རེད། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པའི་ནང་ལས་ཁུངས་སྒྱུར་བཅོས་ཀྱི་མཛུབ་ཁྲིད་བསམ་བློ་དང་། དམིགས་ཚད་ལས་འགན། རྩ་དོན་གལ་ཆེན་བཅས་ཁ་གསལ་བཏོན་ནས་ང་ཚོས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད་ལ། རྩ་བའི་གཞི་འཛིན་སའང་མཁོ་འདོན་གནང་ཡོད། དེས་ན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་གཏན་འབེབས་གནང་བའི་སྒྱུར་བཅོས་ཀྱི་ལས་འགན་ཁག་ཇི་མ་ཇི་བཞིན་དོན་འཁྱོལ་བྱེད་པ། ལས་ཁུངས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་དེ་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་བྱེད་པ་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ལ་བརྩི་བ་བཅས་ཀྱི་ཐོག་ནས་ལས་ཁུངས་སྒྱུར་བཅོས་ཀྱི་དངོས་ཡོད་ཕན་འབྲས་ལ་བརྟེན་ཏེ་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་སྙིང་དབུས་ནས་བརྩི་བཀུར་དང་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་ལུགས་མཚོན་པར་བྱེད་དགོས། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་པའི་རྩ་དོན་གལ་ཆེན་དང་། ནང་གནས་ཀྱི་བླང་བྱ། ལས་འགན་གལ་ཆེན་བཅས་གནད་ལ་འཁེལ་བའི་ངང་ཁོང་དུ་ཆུད་པ་དང་མཐའ་འཁྱོངས་བྱས་ནས་ཏང་གི་འགོ་ཁྲིད་ཕྱོགས་ཡོངས་ལ་ཁྱབ་པ་དང་ལས་ཁུངས་སྒྱུར་བཅོས་ཀྱི་བརྒྱུད་རིམ་ཧྲིལ་པོར་སྤྱི་འདོམས་བྱེད་དགོས། “ཕན་ཚུན་གཞོགས་འདེགས་ཀྱིས་ལས་དོན་བསྒྲུབ་རྒྱུ”མཐའ་འཁྱོངས་བྱེད་པ་དང་། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་ས་གནས་ཀྱི་སྦྲེལ་མཐུད་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། གཙོ་གནད་འགག་སྒྲོལ་དང་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས་སྒྱུར་བཅོས་རིམ་བཞིན་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་བརྟན་པོ་གཏོང་དགོས། ལས་ཁུངས་སྒྱུར་བཅོས་ཁྲོད་ཀྱི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྒྲིག་གཞིའི་སྒྲིག་ཁོངས་ཀྱི་སྒྲིག་ཁྲིམས། ལས་བྱེད་མི་དོན་གྱི་སྒྲིག་ཁྲིམས་སོགས་ཀྱི་སྒྲིག་ཁྲིམས་ཁག་ལ་བརྩི་སྲུང་ནན་པོ་ཞུས་ནས་གང་གསུང་དེ་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས། ལས་ཁུངས་སྒྱུར་བཅོས་དང་ཕྱོགས་གཞན་དག་གི་ལས་དོན་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་འདི་ལོའི་ལས་འགན་ཁག་ཏན་ཏན་ཏིག་ཏིག་གི་སྒོ་ནས་ལེགས་སྒྲུབ་བྱེད་དགོས་པའི་ནན་བཤད་བྱས་པ་རེད། ཚོགས་འདུའི་ཐོག་2018ལོའི་ཟླ་10ཚེས་29ཉིན་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ལྷ་སར་འཚོག་རྒྱུའི་གཏན་འབེབས་བྱས་པ་དང་། ཚོགས་འདུའི་གྲོས་རིམ་གཙོ་བོ་ནི་ལས་ཁུངས་སྒྱུར་བཅོས་ཀྱི་འབྲེལ་ཡོད་དོན་གནད་ལ་ཞིབ་འཇུག་བྱ་རྒྱུ་དེ་ཡིན་པ་རེད། 

    ཚོགས་འདུའི་ཐོག་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གཏན་འབེབས་གནང་བའི་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་སྲིད་ཇུས་བེད་སྤྱོད་ཡག་པོ་དང་། ཆད་ལུས་མེད་པར་བེད་སྤྱོད་བྱེད་པ་དང་། ལས་སྒྲུབ་འགན་འཁྲི་འཁུར་ཕོད་པ་དང་ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་གི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། ད་ཡོད་ཀྱི་ཞིང་འབྲོག་ཚན་རྩལ་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཚད་གཞི་ཁ་གསལ་བཟོ་བ་དང་ཕན་འབྲས་ལྡན་པའི་ལམ་སྲོལ་ཆགས་པ་དང་གཞི་རིམ་གྱི་ཕྱོགས་སྟོན་འཛུགས་པ། རིགས་ཁག་གི་ཤེས་ལྡན་མི་སྣའི་གསོན་ཤུགས་འདོན་སྤེལ་གང་ལེགས་བྱེད་པ་བཅས་ཀྱི་ཐོག་ནས་བོད་ཀྱི་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་བསྟན་པ་རེད། 

    ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་དང“ཚད་གཞི་བཞི་བརྩི་སྲུང་ལག་བསྟར་བྱས་ནས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོར་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་བྱས་པ་དང་ཆབས་ཅིག བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། དཔེ་མཚོན་ཤེས་རྟོགས་དང་། གཏོད་པ། དྲིལ་བསྒྲགས། ཁྱབ་གདལ་བཅས་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་བ་དང་དཔེ་བཟང་དགོན་སྡེ་དང་ཕུལ་བྱུང་གྲྭ་བཙུན་དཔྱད་འདེམས་དང་གཟེངས་བསྟོད་ཀྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་བ། སྟོན་ཕྱོགས་ཡག་པོ་དང་རྣམ་པ་བཟང་པོ་གཏོད་པ། མི་རིགས་ཁག་དབར་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཚོས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ་བཅས་ཀྱི་ཐོག་ནས་ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་ཡག་པོ་སྐྱེལ་དགོས་པའི་བླང་བྱ་བཏོན་པ་རེད། 

    ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་སྐུལ་འདེད་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་པ་དང་། ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། རྡུང་རྡེག་བཅོས་སྒྲིག་བྱེད་ཚད་དང་སྤུས་ཚད་དང་ཕན་འབྲས་ལ་སྤྱི་འདོམས་བྱེད་པ་དང་། ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལས་དོན་ལ་སྐུལ་འདེད་བཏང་སྟེ་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་སྔར་བས་མཐོ་རུ་གཏོང་དགོས། “བདུན་ལྔའི”ཁྲིམས་ལུགས་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་ནས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་ཁྲིམས་བཀུར་ཁྲིམས་སྲུང་གི་འདུ་ཤེས་ཟབ་ཏུ་གཏོང་དགོས་པ། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་དང་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བའི་ལས་དོན་ཟུང་འབྲེལ་གྱིས་སྒྲིག་འཛུགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་འཛིན་པ་དང་། སློབ་སྦྱོང་རྣམ་པ་དང་། ཞབས་ཞུའི་རྣམ་པ། གསར་གཏོད་རྣམ་པ་བཅས་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། གཞི་རིམ་ཏང་རྩ་འཛུགས་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་དང་། ནག་སེལ་གཤེད་བཅོམ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་འགག་རྩའི་དུས་སྐབས་དང་གནད་དོན་གལ་ཆེན་ཐད་རིག་པ་དྭངས་གསལ་དང་ཟ་རི་ཟི་རི་གཏན་ནས་མེད་པ། ལངས་ཕྱོགས་བརྟན་པོ། དར་ཆ་གསལ་སྟོན། སྐད་ཆ་ཤོད་ཕོད་པ། རལ་གྲི་གཤོམ་ཕོད་པ་བཅས་ཀྱི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། 

    ད་དུང་ཚོགས་འདུའི་ཐོག་དོན་གནད་གཞན་དག་ལ་ཞིབ་འཇུག་བྱས་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།