[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝུའུ་དབྱིང་ཅེ།
  • ཝུའུ་དབྱིང་ཅེས་ལྷ་སར་དངུལ་རྩའི་ལས་དོན་ལ་གཟིགས་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-13

    500791_yis_1523509913174_s.jpg

    ཟླ་4ཚེས་11ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་དངུལ་རྩའི་ལས་དོན་ལ་གཟིགས་ཞིབ་གནང་ཞིང་། འདི་ནི་ཀྲུང་གོ་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་ལྷ་ས་བཅིངས་འགྲོལ་ཉིང་ལག་དངུལ་ཁང་དུ་ཝུའུ་དབྱིང་ཅེས་ལས་སྒོ་གཉེར་བཞིན་པའི་གྲོང་མི་དང་བྱམས་བརྩེའི་ངང་བཀའ་མོལ་གནང་ནས་དངུལ་ཁང་གི་བཅོལ་དངུལ་དང་དངུལ་བུན་གྱི་ལས་སྒོ་དང་དམངས་འཚོ་ལེགས་སུ་གཏོང་བར་ཞབས་འདེགས་ཞུ་བ་སོགས་ཀྱི་ལས་དོན་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།

    ཟླ་4ཚེས་11ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་དངུལ་རྩའི་ལས་དོན་ལ་གཟིགས་ཞིབ་གནང་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་དངུལ་རྩའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་དགོངས་དོན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན། རྒྱལ་ཡོངས་ཀྱི་དངུལ་རྩའི་ལས་དོན་ཚོགས་འདུའི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་བྱས་ཏེ། དངུལ་རྩའི་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ་དང་། དངུལ་རྩའི་ཉེན་ཁར་དོགས་ཟོན་དང་སེལ་བའི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ། དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཡག་པོ་ཞུ་བ། དངུལ་རྩའི་སྒྱུར་བཅོས་གཏིང་ཟབ་བཅས་བྱས་ནས་སྤུས་ཚད་ལེགས་པའི་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ནོར་བུ་དོན་གྲུབ་དང་འཇམ་དཔལ་བཅས་པ་གཟིགས་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།

    ཝུའུ་དབྱིང་ཅེས་རྒྱལ་ཁབ་གསར་སྤེལ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་དང་། ཀྲུང་གོ་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་ལྷ་ས་བཅིངས་འགྲོལ་ཉིང་ལག་དངུལ་ཁང་། ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་། ཀྲུང་ཤིན་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་། ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་བཅས་སུ་སྔ་རྗེས་སུ་ཕེབས་ནས་དངུལ་ཁང་གི་བཅོལ་དངུལ་དང་དངུལ་བུན་གྱི་ལས་སྒོ་དང་། དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར། དམངས་འཚོ་ལེགས་གཏོང་ལ་ཞབས་འདེགས་ཞུ་བ། དངུལ་རྩའི་ཉེན་ཁ་ཚོད་འཛིན་སོགས་ཀྱི་ལས་དོན་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

    དེ་རྗེས་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་དངུལ་རྩའི་ཁོངས་གཏོགས་ཀྱི་འགན་འཁུར་བློ་མཐུན་དབར་བཞུགས་མོལ་གནང་བ་རེད། ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་དང་། རང་སྐྱོང་ལྗོངས་ནོར་སྲིད་ཐིང་། བོད་ལྗོངས་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཨུ་ལྷན་ཅུས་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ལྗོངས་ཡོངས་ཀྱི་དངུལ་རྩའི་འཕེལ་རྒྱས་དང་། སྲིད་གཞུང་གི་བུན་དོན། དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་བཅས་ཀྱི་ལས་དོན་སྙན་སེང་ཞུས་པ་རེད།

    ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས་ཝུའུ་དབྱིང་ཅེས་གསུང་བཤད་གནང་ཞིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཉེ་བའི་ལོ་ཤས་རིང་ལྗོངས་ཡོངས་ཀྱི་དངུལ་རྩའི་ལས་དོན་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། དངུལ་རྩའི་ལས་རིགས་ཀྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཝུའུ་དབྱིང་ཅེས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྔ་ཕྱི་བར་གསུམ་དུ་དངུལ་རྩའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངུལ་རྩའི་ལས་དོན་ཐད་ལ་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་སྟེ། ང་ཚོས་དངུལ་རྩའི་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། བོད་ལྗོངས་ནི་མཐའ་མཚམས་མི་རིགས་ས་ཁུལ་ཞིག་ཡིན་ལ། རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་འབའ་ཞིག་ཀྱང་རེད། དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ནས་སྤུས་ཚད་ལེགས་ལ་ལྗང་མདོག་གི་སྒོ་ནས་འཕེལ་རྒྱས་འགྲོ་བའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུ་འགན་ལེན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་བསྐྲུན་པ་བཅས་དག་དངུལ་རྩའི་ལས་རིགས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་དང་ཁ་བྲལ་ཐབས་མེད་ཅེས་གསུངས།

    ཝུའུ་དབྱིང་ཅེས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་རྒྱུ་ནི་དངུལ་རྩའི་རང་འགན་རྩོད་མེད་ཅིག་དང་དམིགས་ཡུལ་ཞིག་རེད། ལྗོངས་ཡོངས་དངུལ་རྩའི་ཁོངས་གཏོགས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས། སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའི་འགྱུར་ལྡོག་གསར་པ་དང་རང་འགུལ་ངང་འཚམ་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དུས་བབ་གསར་པ་དང་རང་འགུལ་ངང་འཚམ་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཟབ་གཏོང་གི་བླང་བྱ་གསར་པ་དང་རང་འགུལ་ངང་འཚམ་པ། རྒྱལ་ཁབ་ཀྱི་མ་འཇོག་དང་སྤྱི་ཚོགས་ཀྱི་མ་འཇོག་དབར་གྱི་འབྲེལ་བ་དང་རྣམ་གྲངས་གལ་ཆེན་དང་དམངས་འཚོའི་རྣམ་གྲངས་དབར་གྱི་འབྲེལ་བ་སོགས་ཐག་གཅོད་ཡང་དག་བྱེད་པ། དངུལ་རྩའི་ཐོན་རྫས་གསར་གཏོད། ཞབས་ཞུའི་དྲ་རྒྱ་འཐུས་སྒོ་ཚང་དུ་བཏང་ནས་ཞབས་ཞུའི་དྲ་ཚིགས་གཞི་རིམ་དུ་སྣུར་སྲིང་བྱེད་པ། དངུལ་རྩའི་ཞབས་ཞུའི་ལས་ཕྱོད་ཆེ་རུ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། དེ་བས་མང་བའི་དངུལ་རྩའི་ཐོན་ཁུངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་ཁྱབ་ཁོངས་དང་ཉམས་ཞན་ལྷུ་ཚིགས་སུ་བཀོད་སྒྲིག་བྱེད་པ། ཁྱད་ལྡན་ཐོན་ལས་དང་། དབུལ་སྒྲོལ་འགག་སྒྲོལ། གྲོང་གསེབ་དར་རྒྱས། ལས་ཞུགས་ལས་གཏོད། སྣོད་བཅུད་སྲུང་སྐྱོང་སོགས་ཀྱི་ཐད་བཀོད་སྒྲིག་བཅས་བྱས་ཏེ། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་དང་དངོས་ཚན་དཔལ་འབྱོར་སྣེ་མང་ཅན་གྱི་དངུལ་རྩའི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་ཐུབ་པ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་བསྟུན་པ་དང་ཞབས་འདེགས་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    ཝུའུ་དབྱིང་ཅེས་ཏང་གིས་དངུལ་རྩའི་ལས་དོན་ལ་འགོ་ཁྲིད་གནང་རྒྱུར་ཤུགས་སྣོན་རྒྱག་དགོས། “བརྟན་པོ་འཛུགས་དགོས་པ་གསུམ”མཐའ་འཁྱོངས་བྱས་ནས་དངུལ་རྩའི་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལ་དམ་འཛིན་ཏན་ཏིག་བྱས་ཏེ་ཚན་ཁག་འཛུགས་སྐྱོང་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ལྷག་པར་དུ་ལས་བྱེད་པའི་སྤེལ་རེས་བྱ་ཤུགས་ཆེ་རུ་གཏོང་བ་དང་། ལས་བྱེད་པའི་དཔུང་ཁག་གི་གསོན་ཤུགས་ཆེ་རུ་གཏོང་དགོས། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་ནས་རྒྱ་ཆེའི་ལས་བྱེད་ལས་བཟོ་ཚོས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”མུ་མཐུད་དར་སྤེལ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་མུ་འཐུད་འབད་འཐབ་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་ལག་བསྟར་དོན་འཁྱོལ་བྱས་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་གཏིང་ཟབ་སྤེལ་བ་དང་། སྤྱོད་ཚུལ་འཛུཌ་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ། འབད་འབུངས་ལྷོད་མེད་ཀྱི་སྒོ་ནས“སྤྱོད་ཚུལ་བཞི”དང་ལྷག་པར་དུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུཌ་བཅོས་སྒྲིག་བཅས་བྱས་ནས་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཡག་པོ་ཞིག་གཏོད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།