[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝུའུ་དབྱིང་ཅེ།
  • རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེའི)ཚོགས་འདུ་འཚོགས་པ།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་2017ལོའི་ཞིང་ཆེན་རིམ་པའི་ཏང་ཨུད་དང་སྲིད་གཞུང་གི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་ཕན་འབྲས་དཔྱད་ཞིབ་གནས་ཚུལ་སྙན་སེང་གསན་སྐབས་ཀྱི་དགོངས་དོན་གཙོ་བོ་སོགས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ། ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-11

    ཟླ་4ཚེས་9ཉིན། ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི(རྒྱ་ཆེའི)ཚོགས་འདུ་འཚོགས་ནས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་2017ལོའི་ཞིང་ཆེན་རིམ་པའི་ཏང་ཨུད་དང་སྲིད་གཞུང་གི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་ཕན་འབྲས་དཔྱད་ཞིབ་གནས་ཚུལ་སྙན་སེང་གསན་སྐབས་ཀྱི་དགོངས་དོན་གཙོ་བོ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་དང་ཀྲུང་དབྱང་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ལ་ཞིབ་འཇུག་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་2017ལོའི་ཞིང་ཆེན་རིམ་པའི་ཏང་ཨུད་དང་སྲིད་གཞུང་གི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་ཕན་འབྲས་དཔྱད་ཞིབ་གནས་ཚུལ་གྱི་སྙན་སེང་གསན་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པ་དང་རྒྱལ་ཁ་ལེན་ཆེད་བླང་བྱ་གསལ་པོ་བཏོན་པ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་དང་མང་ཚོགས་དབུལ་པོར་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་ཐུབ། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་བཏང་སྟེ། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། ཏང་ཀྲུང་དབྱང་གི་སྤྱི་ཡོངས་ཀྱི་བཀོད་སྒྲིག་ལ་ནན་པོར་གཞིགས་པ། ཕར་ཆིན་རྒྱག་པའི་སྙིང་རུས་ཐོག་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་བཅས་བྱས་ཏེ། 2020ལོར་སླེབས་སྐབས་དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་དང་ལས་འགན་ཁག་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས།

    ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་ཀར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་རེད། ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང“གདེང་ཚོད་བཞི”ཆེ་རུ་བཏང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་ཇུས་གཞི་ཆེ་མོ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་དང་། ཀྲུའུ་ཞི་དབང་དབྱང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གཞིགས་པ། གནད་སྨིན་ཡོང་བའི་ཐད་མུ་མཐུད་ཤུགས་སྣོན་རྒྱག་པ། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བྱེད་རྒྱུ་བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་དེ་ཉིད་གྲོང་གསེབ་དར་རྒྱས་གཏོང་བའི་དུས་མཚམས་རང་བཞིན་གྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ། ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་མང་ཚོགས་ལ་དམིགས་ནས་གནད་སྨིན་རོགས་སྐྱོར་བཅས་བྱས་ཏེ་དེ་བས་གཅིག་སྡུད་ཀྱི་རྒྱབ་སྐྱོར་དང་། དེ་བས་ནུས་ལྡན་གྱི་བྱེད་ཐབས། དེ་བས་ཞིབ་ཚགས་ཀྱི་ལས་དོན་སྤེལ་ནས་དམིགས་སར་དམིགས་གང་ཐུབ་དང་གནད་སྨིན་གང་ཐུབ་བྱས་ཏེ་དབུལ་པོ་ངོ་མ་དབུལ་སྒྲོལ་དང་དངོས་འབྲེལ་དབུལ་སྒྲོལ་ཐུབ་པ་བྱེད་དགོས།

    གཏན་འཁེལ་གྱི་བྱེད་ཐབས་དོན་འཁྱོལ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་ཞིང་འབྲོག་ཁུལ་གྱི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་ཏན་ཏིག་གཏོང་བ་དང་། འཁྱག་དུས་གོས་དང་ལྟོགས་དུས་ཟས་སྐྱེལ་བའི་ལས་ཀ་མང་ཙམ་སྒྲུབ་པ་ལས་གཡང་རྩེའི་སྒང་ལ་ཡས་སྒྲོན་གྱི་ལས་མི་སྒྲུབ་པར“ཕན་བདེའི་གཡོ་ཇུས”དང“གཡང་སའི་ལན་འབྲས”མི་ཐོན་པ་བྱེད་དགོས། ཧེ་བག་ཅན་གྱི་དབུལ་སྐྱོར་ལས་ཀར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱས་ནས། དབུལ་སྐྱོར་གནས་སྤོས་གྲོང་ཁྱེར་དང་གྲོང་རྡལ་དུ་གཅིག་སྡུད་ཡོང་བ་དང་ཐོན་སྐྱེད་རྒྱུ་ཆ་ཕུན་སུམ་ཚོགས་པ་དང་རྨང་གཞིའི་སྒྲིག་བཀོད་བལྟོས་བཅས་འཐུས་སྒོ་ཚང་བའི་ས་ཁུལ་དུ་གཅིག་སྡུད་ཡོང་བ་བྱེད་པའི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་མང་ཚོགས་ཀྱི་འདོད་མོས་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་སློབ་གསོ་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ། ཡུལ་ཕྱོགས་ཤིག་གི་ས་ཆུས་ཡུལ་ཕྱོགས་དེའི་མི་གསོ་མི་ཐུབ་པ་དང་། ས་བབ་ཧ་ཅང་མཐོ་བའི་ས་ཁུལ། སྣོད་བཅུད་ཞན་པའི་ས་ཁུལ། ཡུལ་ནད་ཐོན་མང་བའི་ས་ཁུལ་བཅས་ཀྱི་མང་ཚོགས་དབུལ་པོ་གནས་སྤོ་བྱེད་དགོས། ཕུགས་ལ་དམིགས་ནས་དངོས་ཐོག་བདེན་འཚོལ་དང་། བསམ་བློ་བཅིངས་འགྲོལ་བཏང་ནས་ལྟ་སྟངས་བསྒྱུར་བ། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་སྔོན་ཐོན་ཉམས་མྱོང་དཔྱད་གཞིའི་མེ་ལོང་དུ་འཛིན་པ། ལྗོངས་ཡོངས“མིག་མངས་སྒྲིག་སྐོར་གཅིག”ཡིན་པའི་བསམ་བློ་མཐའ་འཁྱོངས། ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་དེ་ཐག་ཉེ་ས་དང་སྟབས་བདེ་ས་དང་། ཕ་ཡུལ་ནས་བྲལ་མི་དགོས་པ། ལས་ཀ་འཇོན་པ་དང་སྒྲུབ་ཐུབ་པ་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། ནས་ཀྱི་ཐོན་འཕར་དང་འབྲི་གཡག་སྡོམ་གསོས་རྒྱག་པ་སོགས་མི་རིང་བར་མང་ཚོགས་ལ་འབབ་འཕར་ཡོང་བ་དང་དབུལ་སྒྲོལ་འགག་སྒྲོལ་ཐད་ནུས་པ་ཐོན་པའི་མྱུར་འགྲུབ་ཀྱི་དམངས་ཕྱུག་ཐོན་ལས་དང་ཡུལ་སྐོར་ལས་རིགས་སོགས་དཔལ་འབྱོར་འཕེལ་རྒྱས་ལ་ཡུན་རིང་འདེགས་སྐྱོར་ནུས་པ་ཐོན་པའི་འཐབ་ཇུས་ཐོན་ལས་སྤྱི་འདོམས་ཇུས་འགོད་ཡག་པོ་བཅས་བྱས་ཏེ། གཙོ་གནད་མངོན་གསལ་དོད་པ་དང་། ཚན་རིག་དང་མཐུན་པའི་བཀོད་སྒྲིག ཕྱོགས་བསྡུས་ཇུས་འདོན། གནད་སྨིན་ནུས་འདོན། ཞན་ཆ་གསབ་པ། འཇུར་མིག་སེལ་བ་བཅས་བྱས་ནས་ལེགས་ཆའི་ཐོན་ལས་འཕེལ་རྒྱས་བཏང་སྟེ་དབུལ་སྒྲོལ་ཡོང་བ་བྱེད་དགོས། ཐོན་ལས་འཕེལ་རྒྱས་དང་མང་ཚོགས་དབུལ་པོ་དབར་གྱི་དབུལ་སྒྲོལ་ཕྱུག་འགྱུར་གྱི་འབྲེལ་བའི་ལམ་སྲོལ་འཛུགས་རྒྱུར་འཚོལ་ཞིབ་ཧུར་ཐག་བྱས་ནས་ངལ་རྩོལ་ནུས་ཤུགས་ཡོད་པའི་ཁྱིམ་ཚང་གིས་ཐོན་ལས་རོགས་སྐྱོར་དང་ལས་ཞུགས་གཞན་སྒྱུར་སོགས་ཀྱི་བྱེད་ཐབས་བརྒྱུད་དབུལ་སྒྲོལ་ཡོང་རྒྱུར་ཁྲིད་སྟོན་བྱེད་དགོས་ལ། ས་ཞིང་དང་རྩྭ་ར་འདེབས་འཛུགས་བྱ་རྒྱུ་ཉམས་མྱོང་ཡོད་པའི་དུད་ཚང་ཆེ་མོར་གཅིག་སྡུད་འོས་འཚམ་ཡོང་བ་བྱས་ནས་གཞི་ཁྱོན་གཉེར་སྐྱོང་དང་ལེགས་བསྡུས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། དབུལ་སྐྱོར་དེ་བློ་སྐྱོར་རིག་སྐྱོར་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། འཕྲལ་སྐྱོབ་དཀའ་སེལ་དང་ནང་སྐྱེད་དབུལ་སྒྲོལ་ཟུང་འབྲེལ་དང་མྱུར་འགྲུབ་རྣམ་གྲངས་འཕེལ་རྒྱས་དང་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱ་རྒྱུ་ཟུང་འབྲེལ་བྱས་ཏེ་གཞན་རྟེན་རང་རྟེན་དུ་འགྱུར་བ་བྱས་ནས་རྒྱུན་མཐུད་ངང་དབུལ་སྒྲོལ་བརྟན་པོ་ཡོང་བ་བྱེད་དགོས།

    ཀྲུང་དབྱང་གི་ཐུགས་ཁུར་དང་། རྒྱལ་ཡོངས་ཀྱི་རོགས་སྐྱོར། དཀའ་སྤྱད་འབད་འཐབ། རང་སྟོབས་རང་སྤེལ་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། ཀྲུང་དབྱང་ཁེ་ལས་ཀྱིས་བོད་དུ་ཡོད་པའི་ཐོན་ཁུངས་གསར་སྤེལ་དང་ས་གནས་དེ་གའི་ཞིང་འབྲོག་པའི་འབབ་འཕར་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས། སྦྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་ལག་ལེན་གཏིང་ཟབ་བསྟར་ཏེ། བོད་སྐྱོར་མ་དངུལ་དེ་བས་མང་བ་བརྩོན་ལེན་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྤྱོད་དགོས། ས་ཁུལ་དབུལ་པོའི་གོམས་སྲོལ་བསྒྱུར་བའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་མང་ཚོགས་དབུལ་པོས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཏེ་ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་དབུལ་པོའི་གནས་བབ་ལ་འགྱུར་ལྡོག་གཏོང་ཐུབ་པ་དང་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས། དཔྱད་ཞིབ་ཀྱི་ལྟ་སྐུལ་ནན་ཤོས་ལག་བསྟར་བྱས་ནས་དབུལ་སྒྲོལ་དུས་ཚོད་ལུགས་མཐུན་ངང་གཏན་ཁེལ་དང་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ཆེད་དོན་བཅོས་སྒྲིག་ཡག་པོ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ལ་ལོ་རྒྱུས་དང་ལག་ལེན་གྱིས་ཞིབ་དཔྱད་ཐུབ་པ་བྱེད་དགོས། དབུལ་སྐྱོར་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། འཇོན་ཐང་ཆེ་བའི་ལས་བྱེད་པ་འདེམས་པ་དང་ལས་སྒོ་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ལྕག་སྐུལ་བྱེད་ཕྱོགས་ཤིག་ཆགས་པ་བྱས་ནས་དབུལ་སྐྱོར་ལས་བྱེད་པའི་ལས་སྒོའི་འཇོན་ཐང་དང་ལས་ཀའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། སློབ་གསོ་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་རིང་མི་རིགས་ཁག་གི་མང་ཚོགས་ཀྱི“མོས་སེམས་ལྔ”རྒྱུན་ཆད་མེད་པར་ཆེ་རུ་འགྲོ་ཐབས་བྱས་ནས་བརྟན་ལྷིང་ཐད་རང་འགུལ་ཡོང་བའི་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས།

    ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དང་པོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས“འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ”ཡག་པོ་རྒྱག་པའི་བསམ་ཕྱོགས་དང་བྱེད་ཐབས་སྔར་བས་ཁ་གསལ་བཏོན་ཡོད་པ་དང་། འཐབ་ཇུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་ཀྱི་ཐོག་ནས་ང་ཚོར་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས་པའི་ཐད་ཁ་ཕྱོགས་གསལ་སྟོན་གནང་ཡོད་པ་དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་དཔལ་འབྱོར་ལས་དོན་ལ་གཅིག་གྱུར་འགོ་ཁྲིད་གནང་ལུགས་གསལ་པོར་མཚོན་ཐུབ་ལ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། “འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ”ཡག་པོ་རྒྱག་པ། དཔལ་འབྱོར་སྤུས་ཚད་ལེགས་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་ཀྱང་མཚོན་ཐུབ།

    ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་ཐོག་གི་གསུང་བཤད་གལ་ཆེན་ནང་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལ་འཕྲད་པའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་གཏིང་ཟབ་གནང་བ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལས་དོན་གྱི་གཙོ་གནད་ཁ་གསལ་བཏོན་གནང་བ། སྒྱུར་བཅོས་བྱེད་མཚམས་མི་འཇོག་པར་སྒྱུར་བཅོས་མཐར་ཕྱིན་པ་བྱ་རྒྱུའི་དུང་བརྡ་དྲག་པོ་གཏོང་གནང་སྟེ། ང་ཚོར་ལས་ཁུངས་སྒྱུར་བཅོས་ཟབ་གཏོང་གི་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཁྱབ་ཁོངས་ཁག་གི་སྒྱུར་བཅོས་ལས་དོན་ལ་སྐུལ་འདེད་གཏོང་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་པ་རེད།

    ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།