[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝུའུ་དབྱིང་ཅེ།
  • ཝུའུ་དབྱིང་ཅེས་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་སྣེའུ་ཤང་བདེ་ཡངས་གྲོང་ཚོར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-07

    498758_yis_1522987454192.jpg

    ཟླ་4ཚེས་4ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་སྣེའུ་ཤང་བདེ་ཡངས་གྲོང་ཚོར་བརྟག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཝུའུ་དབྱིང་ཅེས་བསོད་ནམས་ཚེ་རིང་གི་ཁྱིམ་དུ་ཕེབས་ནས་ཇ་ཁང་དང་ཚོང་ཁང་གཉེར་སྐྱོང་བྱ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད་ཁྱིམ་ཚང་གི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་བྱམས་བརྩེའི་ངང་བཀའ་འདྲི་ཡང་གནང་བའི་གནས་ཚུལ་ཡིན་པ།

    ཟླ་4ཚེས་4ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་སྣེའུ་ཤང་བདེ་ཡངས་གྲོང་ཚོར་ཕེབས་ཏེ་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་དང་། རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་ལས་གྲྭ་ལག་ལེན་བསྟར་བ། “ལྕང་ཤིང་མེད་པའི་དུད་ཚང”གིས་ལྕང་ཤིང་འདེབས་པ་བཅས་ཀྱི་གནས་ཚུལ་ལ་ཆེད་མངགས་བརྟག་ཞིབ་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད། 

    སྣེའུ་ཁུལ་གསར་སྣེའུ་ཤང་བདེ་ཡངས་གྲོང་ཚོའི་ལེ་ཚོགས་ཆུང་གི་བདེ་སྡོད་ཁུལ་ཆུང་ནི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་གཅིག་སྡུད་བཀོད་སྒྲིག་ས་ཚིགས་ཤིག་རེད། མང་ཚོགས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་བྱ་ཆེད། བཀོད་སྒྲིག་ཁུལ་གྱིས་ལེ་ལག་ཚང་བའི་ཐོན་ལས་དང་རོགས་སྐྱོར་རྣམ་གྲངས་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱས་པ་དང་སྣོད་བཅུད་ལས་གནས་བཙུགས་ནས་ངལ་རྩོལ་ནུས་ཤུགས་ལྡན་པའི་གནས་སྤོས་དུད་ཚང་ནས་མ་མཐར་ཡང་མི་གཅིག་ལས་ཞུགས་ཐུབ་པའི་འགན་ལེན་བྱས་པ་རེད། 

    ཁུལ་ཆུང་དུ་འབྱོར་སྐབས་གཡོག་བྱེད་བྱེད་མཁན་ཚོས་ཁུལ་ཆུང་ནང་བཏབ་པའི་རྩྭ་རྩི་ཤིང་དག་ལ་ཆུ་རྒྱག་བཞིན་ཡོད། ཝུའུ་དབྱིང་ཅེས་ཁོང་ཚོའི་ས་ནས་སྔོ་འགྱུར་དང“ལྕང་ཤིང་མེད་པའི་དུད་ཚང”གིས་ལྕང་ཤིང་འདེབས་པའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁུལ་ཆུང་དུ“ལྕང་ཤིང་མེད་པའི་དུད་ཚང”མེད་ལ་ད་དུང་དཔལ་འབྱོར་ནགས་ཤིང་འདེབས་པའི་ལས་དོན་ཡང་འཚོལ་ཞིབ་ངང་སྤེལ་བ་མཁྱེན་སྐབས། ཁོང་གིས་སྣོད་བཅུད་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། ཡུལ་བབ་དང་བསྟུན་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱེད་པ། མང་ཚོགས་ལ་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་རྒྱུའི་ཁྲིད་སྟོན་བྱེད་པ། རྒྱལ་ཁབ་ས་ཆ་སྔོ་འགྱུར་དང“ལྕང་ཤིང་མེད་པའི་དུད་ཚང”གིས་ལྕང་ཤིང་འདེབས་པའི་བྱ་སྤྱོད་ནང་ཧུར་ཐག་ཞུགས་པ་བཅས་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་དགོས་ཞེས་གསུངས་པ་རེད། 

    “ད་ཆ་ང་ཚོར་ཁ་གསབ་དངུལ་མང་པོ་ཞིག་རག་བྱུང་། རང་ཁྱིམ་གྱི་སྒོ་འགྲམ་ནས་ལས་ཀ་རག་པ་མ་ཟད། ད་དུང་ནང་མི་ལའང་ལྟ་རྟོག་ཐུབ་ཀྱི་འདུག འབྱོར་འབྲིང་གི་འཚོ་བ་ཉིན་རེ་ལས་མ་འདས་པར་མངོན་འགྱུར་ཡོང་དུས་སེམས་ཧ་ཅང་སྐྱིད་པོ་འདུག”ཅེས་བསོད་ནམས་ཚེ་རིང་གིས་འཚོ་བའི་འགྱུར་ལྡོག་སྐོར་གླེང་སྐབས་སེམས་ནང་གི་བདེ་སྐྱིད་དང་སྤྲོ་བ་ཝུའུ་དབྱིང་ཅེ་ལ་ལྷུག་པོར་ཞུས། གནས་ཚུལ་དེ་དག་གསན་རྗེས་ཝུའུ་དབྱིང་ཅེ་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས“ཚང་མར་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོའི་བཀའ་དྲིན་ཞིག་རེད། དེས་ན་ང་ཚོས་ཏང་གི་བཀའ་དྲིན་ནམ་ཡང་བློ་ལ་བརྟན་པོར་ངེས་ཏེ་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བར་སྔར་བས་གཅེས་སྤྲས་བྱེད་པ་དང་། དུས་བདེ་མཐུན་སྒྲིལ་གྱི་རྣམ་པ་བཟང་པོར་སྔར་བས་གཅེས་འཛིན་བྱེད་པ། ཁྱིམ་ཚང་དང་། ཁྱིམ་སྲོལ། ཁྱིམ་ཚང་གི་སློབ་གསོ་བཅས་ལ་སྔར་བས་སྣང་ཆེན་བྱེད་པ། ཕ་མར་སྲི་ཞུ་བསྒྲུབས་ནས་ཚེ་མཇུག་སྐྱིད་པོ་ཞིག་སྐྱེལ་རྒྱུ་ཡོང་བ་བྱེད་པ། ཕྲུ་གུར་སློབ་གསོ་ཡག་པོ་གཏོང་བ། ཕྲུ་གུ་འཚར་ལོངས་ཡོང་ཆེད་ཀྱི་ཐོག་མའི་སློབ་གསོ་ཡག་པོ་རྒྱག་པ་བཅས་བྱེད་དགོས”ཞེས་གསུངས་པ་རེད། 

    བསོད་ནམས་ཚེ་རིང་གི་ཁྱིམ་ནས་ཐོན་རྗེས། ཝུའུ་དབྱིང་ཅེས་གྲོང་ཚོའི་ལས་བྱེད་མང་ཚོགས་དང་མཉམ་དུ་ཡངས་ཤིང་རྒྱ་ཆེ་ལ་གཙང་སྦྲ་དོད་པའི་ཨར་འདམ་གཞུང་ལམ་ཐོག་ཕེབས་ཀྱིན་བཀའ་མོལ་གནང་ཞིང་། ཁྲ་ཆིལ་ལེར་བཞད་པའི་གཞུང་ལམ་གཡས་གཡོན་གྱི་མཚར་སྡུག་བཀྲ་བའི་ཁམ་བུའི་མེ་ཏོག་དག་ཀྱང་གྲོང་ཚོའི་འགྱུར་ལྡོག་དང་གྲོང་མི་ཚོའི་བདེ་སྐྱིད་འཚོ་བ་གླེང་མཁན་ཞིག་དང་མཚུངས། སྣེའུ་ཤང་གི་ཤང་ཀྲང་སྐལ་བཟང་སྟོབས་རྒྱལ་གྱིས་ཏང་གི་སྲིད་ཇུས་བཟང་པོ་ལས་ད་ཆ་ཁུལ་ཆུང་མང་ཚོགས་ཀྱི་འཚོ་བར་འགན་ལེན་ཡག་པོ་བྱུང་ཞིང་། སློབ་གྲྭར་སྐྱོད་པར་སློབ་ཡོན་མི་དགོས་ལ་ནད་བསྟེན་པར་དེ་བས་སེམས་ཁྲལ་བྱེད་དགོས་ཀྱི་མེད། མ་གཞི་གྲོང་མི་ཚོས་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོ་ཡོད་པ་ཤེས་པ་མ་ཟད། དབུལ་སྒྲོལ་ཕྱུག་འགྱུར་ནི་རང་ཉིད་ཀྱི་ལག་གཉིས་ཁོ་ནར་བརྟེན་དགོས་པ་ཡང་ཤེས་ཀྱི་ཡོད། “དབུལ་སྒྲོལ་བྱེད་འདོད་པ”དང“ཕྱུག་པོ་ཆགས་འདོད་པའི”ཚང་མའི་རེ་འདུན་ཧ་ཅང་དྲག་པོ་འདུག་ལ། ཡིད་ཆེས་ཀྱིས་ཁེངས་ཤིང་ཧུར་སེམས་ཀྱང་ཆེན་པོ་འདུག་པས་ད་ལྟ་གྲོང་ཚོའི་མཉམ་སྡེབ་ཐོན་ལས་ཐབས་ཤེས་ཡོད་རྒུས་འཕེལ་རྒྱས་གཏོང་ཐབས་བྱེད་བཞིན་ཡོད་ཅེས་ཝུའུ་དབྱིང་ཅེ་ལ་ཞུས། ཝུའུ་དབྱིང་ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་མི་རིགས་གཅིག་དང་། ཁྱིམ་ཚང་གཅིག མི་གཅིག་བཅས་གང་རུང་ཆད་ན་འགྲིག་ཐབས་མེད”ཅེས་ནན་བཤད་ཐེངས་མང་གནང་མྱོང་ཡོད། འདི་ནི་རང་རེའི་ཏང་གིས་མི་དམངས་ལ་བཞག་པའི་བརྗིད་ཆེའི་དམ་བཅའ་ཞིག་ཡིན་པས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྔར་ལས་ལྷག་པའི་ཆོད་སེམས་དང་། དེ་བས་ཁ་གསལ་གྱི་བསམ་ཕྱོགས། དེ་བས་གནད་སྨིན་གྱི་བྱེད་ཐབས། རྒྱུན་གཏན་ལས་ལྷག་པའི་ནུས་ཤུགས་བཅས་ཀྱི་ཐོག་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། 

    ཝུའུ་དབྱིང་ཅེས་གྲོང་རྡལ་དུ་ལས་ཞུགས་དང་ཐག་ཉེ་ས་དང་སྟབས་བདེ་ས། ཕ་ཡུལ་དང་ཁ་བྲལ་མི་དགོས་པ། འཇོན་པ་དང་བྱེད་ཤེས་པ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་གྲོང་ཚོ་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་། འབྲི་གཡག་སྡོམ་གསོ་སོགས་ཀྱི་ཐོན་ལས་འཚོལ་ཞིབ་ཀྱིས་འཕེལ་རྒྱས་གཏོང་བ། སྒོ་དབྱེ་དང་། བསྟུན་མཁས། དགའ་བསུ་བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱེད་པ། ནང་སའི་འདེབས་གསོའི་དུད་ཆེན་ནང་འདྲེན་ཧུར་ཐག་བྱས་ཏེ་གཞི་ཁྱོན་ཅན་གྱི་གསོ་ཚགས་ལས་དོན་སྤེལ་བ་དང་གཞི་ཁྱོན་ཅན་གྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས་མང་ཚོགས་ལ་ཐོན་འཕར་འབབ་འཕར་ཡོང་རྒྱུའི་སྐུལ་ཁྲིད་བྱེད་དགོས་ལ། མི་རིགས་ཕན་ཚུན་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་རྒྱུར་ཡང་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་དང་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་དབུལ་སྐྱོར་དེ་ཉིད་རིག་སྐྱོར་དང་བློ་སྐྱོར་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རོགས་སྐྱོར་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ། རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ལས་མང་ཐོབ་མང་ཡོང་རྒྱུ་དར་སྤེལ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ལ་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་དགོས་པའི་སློབ་གསོ་ཁྲིད་སྟོན་ཡང་བྱེད་པ། ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་བརྩོན་ལེན་བྱེད་པ་བཅས་ཀྱི་ཐོག་ནས་ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་དགོས་ཞེས་བསྟན་གནང་བ་རེད། 

    ཝུའུ་དབྱིང་ཅེས་ད་ལྟ་ནས་བཟུང་2020ལོ་བར་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཤིག་ཡིན་ལ། དཀའ་ཚེགས་ཆེ་ཤོས་ཀྱི་ལས་འགན་དེ་ཡང་སྔར་བཞིན་དབུལ་སྒྲོལ་འགག་སྒྲོལ་བྱ་རྒྱུ་དེ་ཡིན། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་ཐབས་ཇུས་བཀོད་སྒྲིག་ཁག་མཐའ་གཅིག་ཏུ་དོན་འཁྱོལ་ཡག་པོ་བྱེད་པ། ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམ་པ་བཅས་བྱེད་དགོས་པ་དང་། དབུལ་སྐྱོར་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་བ་དང་། དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཁྲོད་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་དང་རུལ་སུངས་ཀྱི་སྣང་ཚུལ་སྣ་ཚོགས་ལ་ཞིབ་གཅོད་ནན་པོ་བྱེད་པ། དབུལ་པོ་ངོ་མ་དབུལ་སྒྲོལ་དང་དངོས་འབྲེལ་དབུལ་སྒྲོལ་ཐུབ་པའི་ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་མི་དམངས་ཀྱི་ཁས་ལེན་ཐོབ་པ་དང་ལོ་རྒྱུས་ཀྱི་ཚོད་བགམ་ཐེག་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།