[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝུའུ་དབྱིང་ཅེ།
  • བོད་​རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་པ།

    གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ཏེ་གསར་གཏོད་རྣམ་པའི་བོད་ལྗོངས་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་གཏོང་བ།

    ​ ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཝང་ཀྲི་ཀང་གིས་སྙན་ཞུ་གནང་བ། ཆེ་དགྲ་ལྷ་དང་ཀྲོང་ཡན་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-12

    ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི“གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ཏེ་འཛམ་གླིང་གི་ཚན་རྩལ་སྟོབས་ཆེན་རྒྱལ་ཁབ་སྐྲུན་མགྱོགས་སུ་གཏོང་དགོས”ཞེས་པའི་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ཚན་རྩལ་པུའི་ཏང་ཀྲི་པུའི་ཧྲུའུ་ཅི་ཝང་ཀྲི་ཀང་གིས་ཆེད་དོན་སྙན་ཞུ་གནང་བ། ཆེ་དགྲ་ལྷ་དང་། ཀྲོང་ཡན། ཝང་གཡུང་ཅུན། ཅང་ཅེ། སྤེན་པ་བཀྲ་ཤིས། པད་མ་དབང་འདུས་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚོགས་འདུར་ཕེབས་ཡོད་པ་རེད།

    ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་འཕེལ་རྒྱས་འཐབ་ཇུས་ཀྱི་ཁྱོན་ཡོངས་ལ་དམིགས་ནས་ཚན་རྩལ་གསར་གཏོད་ཐད་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་དང་། མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ། དགོངས་པ་གསར་པ་དང་། གཟིགས་ཚུལ་གསར་པ། བླང་བྱ་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་ཡོད་པས་བརྒྱུད་རིམ་ལྡན་ལ་ཆ་ཚང་བའི་ཚན་རྩལ་གསར་གཏོད་ཀྱི་དགོངས་པ་གལ་ཆེན་གྲུབ་ནས་འགོ་འཛུགས་ས་གསར་པའི་ཐོག་ང་ཚོས་ཚན་རྩལ་གསར་གཏོད་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཕྱིར་ཁ་ཕྱོགས་གསལ་སྟོན་གནང་ཡོད།

    ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རྩལ་གསར་གཏོད་ཀྱི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་ཟུང་འབྲེལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་དང་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་ཐེངས་གཉིས་པའི་སྐོར་གྱི་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་ཟུང་འབྲེལ་བྱས་ནས་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་ཇུས་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་རྒྱལ་ཡོངས་ཀྱི“ཚན་རྩལ་ཚོགས་འདུ་གསུམ”དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཀྱི་ཚོགས་ཆེན་གྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་དེ་བས་ཆེ་བའི་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུགས་ཀྱི་བསམ་པ་བཅས་ལ་བརྟེན་ནས་ཤེས་ལྡན་མི་སྣ་ནི་ཐོན་ཁུངས་ཨང་དང་པོ་ཡིན་པ་དང་། ཚན་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཡིན་པ། གསར་གཏོད་ནི་སྒུལ་ཤུགས་ཨང་དང་པོ་ཡིན་པ་བཅས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཚན་རྩལ་གསར་གཏོད་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་པ། གསར་གཏོད་རྣམ་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་རང་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་ཕྱིར་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཞེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས་རང་ལྗོངས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་སྤྱད་ནས་གསར་གཏོད་དང་བེད་སྤྱོད་དུས་གཅིག་ཏུ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྟོབས་ཤུགས་གཅིག་སྒྲིལ་གྱིས་ཞིང་ལས་འབབ་འཕར་དང་། འབྲོག་ལས་ཐོན་འཕར། རྩྭ་ར་སྲུང་སྐྱོང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ཉེར་སྤྱོད་ལག་རྩལ་ཁག་གཅིག་ལ་ཞིབ་འཇུག་བྱེད་རྒྱུར་གཞིགས་པ། བོད་ཀྱི་ཁྱད་ཆོས་ལྡན་པའི་རང་བརྟེན་གསར་གཏོད་མ་ལག་ནུས་ལྡན་སྐྲུན་པ་བཅས་བྱས་ཏེ་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཞིང་འབྲོག་ལས་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། ལེགས་ཆ་ལྡན་པའི་ཐོན་ལས། དམངས་འཚོའི་བྱ་གཞག་བཅས་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་བྱེད་དགོས། ཚན་རྩལ་གསར་གཏོད་དང་ཚན་རིག་ཁྱབ་གདལ་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་བ་དང་། ཚན་རིག་གི་འདུ་ཤེས་དར་སྤེལ་གཏོང་བ། ཚན་རིག་གི་བསམ་བློ་ཁྱབ་སྤེལ་གཏོང་བ། ཚན་རིག་གི་བྱ་ཐབས་དར་སྤེལ་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་ཚན་རིག་དང་། བདེ་ཐང་། ཤེས་དཔལ་བཅས་ལྡན་པའི་ཐོན་སྐྱེད་དང་འཚོ་བ་སྐྱེལ་བའི་གོམས་གཤིས་འཇགས་པ་བྱས་ཏེ་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས། ཚན་རྩལ་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཚན་རྩལ་གསར་གཏོད་དང་ལམ་ལུགས་གསར་གཏོད་མཐུན་སྦྱོར་འཕེལ་རྒྱས་ཀྱི་ནུས་པར་བརྟེན་ཏེ་གསོན་ཤུགས་རབ་ཏུ་རྒྱས་པའི་ཚན་རྩལ་དོ་དམ་དང་འཁོར་སྐྱོད་ལམ་སྲོལ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། ཁྱབ་ཁོངས་ཆེ་བའི་ནང་གསར་གཏོད་ཀྱི་གཞི་རྒྱུ་གཅིག་སྡུད་བྱས་ནས་ཉེར་སྤྱོད་ལག་རྩལ་གྱི་མཁོ་སྤྲོད་དང་སྤྱི་པའི་ཚན་རྩལ་གྱི་མཁོ་སྤྲོད་མང་དུ་ཤུགས་ཆེན་བཏང་སྟེ་ཚན་རྩལ་ཐོན་ཁུངས་ཀྱི་སྤྱིའི་མཁོ་སྤྲོད་མི་འདང་བ་དང་གྲུབ་ཆ་མི་ལེགས་པའི་ཞན་ཆ་ནུས་ལྡན་གསབ་དགོས། གསར་གཏོད་ཀྱི་འདུ་ཤེས་དར་སྤེལ་ཤུགས་ཆེན་བཏང་ནས་ཤེས་ལྡན་མི་སྣ་ཤེས་རྟོགས་དང་། གཅེས་སྐྱོང་། བེད་སྤྱོད། བརྩི་འཇོག་བཅས་ཀྱི་དར་སྲོལ་ཆགས་པ་བྱས་ཏེ་རིམ་པ་མཐོ་བའི་ཚན་རྩལ་གསར་གཏོད་ཀྱི་ཤེས་ལྡན་མི་སྣ་འགུག་ཐབས་དང་། གསོ་སྐྱོང་། གདེང་འཇོག་བཅས་ལ་གཙོ་གནད་ཐོག་དམིགས་པ་དང་དེ་བཞིན་གསར་གཏོད་ཀྱི་གྲུབ་འབྲས་ཁེ་དབང་བགོ་བཤའ་སོགས་ཀྱི་ཐད་སྔར་ལས་ལྷག་པའི་ངང་ཞིབ་འཇུག་གཏིང་ཟབ་དང་། བློ་ཁོག་ཆེན་པོས་ཚད་བརྒལ། སྲིད་ཇུས་འཐུས་སྒོ་ཚང་བ་བཅས་ཡོང་བ་བྱས་ཏེ་རྒྱ་ཆེའི་ཚན་རྩལ་ལས་བྱེད་པའི་གཟི་བརྗིད་ཚོར་སེམས་དང་གྲུབ་འབྲས་འཐོབ་སེམས་སྔར་བས་འཕེལ་བ་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་ཚན་རྩལ་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཞིག་ཧུར་ཐག་གཏོད་དགོས། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་ཐེངས་གཉིས་པ་དེ་སླད་ཕྱིན་དུས་སྐབས་ཤིག་རིང་གི་རང་ལྗོངས་ཀྱི་ཚན་རྩལ་གསར་གཏོད་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་ལ་བརྩིས་ནས་ཕན་ཡོད་ཀྱི་གོ་སྐབས་དམ་འཛིན་དང་། ཚན་རིག་རྟོག་ཞིབ་ཀྱི་དགོས་མཁོར་ཞིབ་འཇུག ཚན་རིག་རྟོག་ཞིབ་ཀྱི་ནང་དོན་ཇུས་འགོད། ཚན་རིག་ཞིབ་འཇུག་གི་བརྗོད་གཞི་འདོན་པ། ཚན་རིག་རྟོག་ཞིབ་ཀྱི་དམིགས་ཚད་ལས་འགན་གཏན་འཁེལ། སྟོབས་ཤུགས་ཧྲག་པོ་འདེམས་གཏོང་དང་ལྷག་དོན་དུ་ཚན་ཞིབ་ལས་དོན་མི་སྣ་དང་སློབ་གྲྭ་ཆེ་མོ་བ་ཧུར་བརྩོན་དང་རང་འགུལ་ངང་ཞུགས་པ། ཚན་ཞིབ་གྲུབ་འབྲས་དེ་ལྗོངས་ཡོངས་ཀྱི་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་ཀྱི་ལས་དོན་ཁག་ལ་མཛུབ་ཁྲིད་བྱེད་རྒྱུར་སྤྱོད་པ་བཅས་བྱས་ཏེ་འཛམ་གླིང་ཐོག་གི་དག་ཞིང་མཐའ་མ་སྲུང་སྐྱོང་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས། དམངས་འཚོ་ཕྱོགས་ཡོངས་ནས་ལེགས་གཏོང་ལ་སྐུལ་འདེད་བཅས་ཀྱི་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།