[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝུའུ་དབྱིང་ཅེ།
  • བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་པ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་སྒྲིག་བྱས་པ། ཆབ་མདོའི་ས་ངན་ཁུལ་གྱི་མང་ཚོགས་ཚང་མ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་རྒྱུ་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-11

    ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ།

     ཚེས་9ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཚོགས་འདུ་ཐེངས་ཞེ་གསུམ་པ་དང་ཁོང་གནས་ཡུལ་ཀྲི་པུའི་ཆེད་དོན་རྩ་འཛུགས་འཚོ་བའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་དང་བློ་མཐུན་སུན་ཁྲུན་ལན་གྱིས་ཤིན་ཅང་གི་ལོ་རྒྱུས་གནད་དོན་འགའ་ཞིག་གི་ཞིབ་འཇུག་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ།《བསྡོམས་རྩིས་དོ་དམ་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་བསྡོམས་རྩིས་གྲངས་གཞིའི་མངོན་སུམ་རང་བཞིན་ཆེ་རུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལག་བསྟར་བསམ་འཆར》དང་ཆབ་མདོའི་ས་ངན་ཁུལ་གྱི་མང་ཚོགས་ཚང་མ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་རྒྱུའི་ལས་དོན་ལ་ཞིབ་འཇུག་བྱས་པ་དང་འབྲེལ་ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཚོགས་འདུ་ཐེངས་ཞེ་གསུམ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་མར་ཁེ་སི་རིང་ལུགས་ཀྱི་དུས་རབས་ཀྱི་དོན་སྙིང་དང་དངོས་ཡོད་ཀྱི་དོན་སྙིང་ལ་རྒྱས་བཤད་གཏིང་ཟབ་གནང་བ་དང་འབྲེལ། ང་ཚོས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་སྤྱད་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་ལས་དོན་ལ་མཛུབ་ཁྲིད་བྱེད་རྒྱུར་བླང་བྱ་ཁ་གསལ་བཏོན་གནང་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་དང་ཟུང་འབྲེལ་དང་། སྤྱི་ཁྱབ་ཧྲུའུ་ཅིའི“7.26”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་དང་ཟུང་འབྲེལ། སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་དང་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་ཐེངས་གཉིས་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་དང་ཟུང་འབྲེལ་བཅས་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། མར་ཁེ་སི་རིང་ལུགས་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་ཀྱི་གནས་བབ་ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བཅས་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་སྤྱད་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། འགོ་ཁྲིད་ལས་བྱེད་པ་དང་ལྷག་དོན་དུ་མཐོ་རིམ་ལས་བྱེད་པས་སྣེ་འཁྲིད་ནས་སློབ་སྦྱོང་བྱས་ཏེ་རིགས་པའི་གཞུང་ལུགས་ཀྱི་བསམ་གཞིག་ནུས་པ་ཆེ་རུ་དང་བསམ་བློ་ཆབ་སྲིད་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱས་ནས་བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་དོན་ཆེན་གསུམ་ལ་གཞིགས་ནས་ཀྲུང་དབྱང་གི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རྩོད་སྒྲུབ་ཀྱི་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་ཀྱི་དངོས་གཙོ་རིང་ལུགས་རང་རྟོགས་ངང་སྤྱད་ནས་ལག་ལེན་ལ་མཛུབ་ཁྲིད་དང་ལས་དོན་ལ་སྐུལ་འདེད་གཏོང་བ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ་བཅས་བྱས་ནས་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས།

    ཚོགས་འདུའི་ཐོག་བསྟན་དོན། ཏང་ནང་ཁུལ་དུ་རྩ་འཛུགས་ཀྱི་འཚོ་བ་འདྲ་མཉམ་ངང་སྐྱེལ་རྒྱུ་ནི་ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་ཞུ་བ་དང་ཚད་ལོན་གྱི་གུང་ཁྲན་ཏང་ཡོན་ཞིག་བྱེད་པའི་གཞི་རྩའི་བླང་བྱ་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པ་མ་འཚོག་གོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་ཁོང་གནས་སའི་ཆེད་དོན་རྩ་འཛུགས་འཚོ་བའི་ཚོགས་འདུར་ཞུགས་ཡོད། དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅིས་ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ་མིག་དཔེ་གཞན་སྟོན་ངང་ལག་ལེན་བསྟར་བ་དང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་མངོན་ཡོད། ང་ཚོས“འདུ་ཤེས་བཞི”ཟབ་ཏུ་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅིར་མིག་བལྟོས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ནས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱེད་དགོས་པ་དང་། “འགག་རྩའི་ཉུང་ཤས”ལ་དམིགས་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་ཀྲི་པུའི་རྩ་འཛུགས་འཚོ་བའི་ཚོགས་འདུར་རང་འགུལ་ངང་ཞུགས་པ་དང་ཀྲི་པུའི་བློ་མཐུན་དང་བསམ་ཚུལ་ཤོད་རེས་བྱས་ཏེ་ཏང་ཡོན་ལས་བྱེད་པར་མིག་དཔེ་སྟོན་པ་དང་ཚད་གཞི་གཏོད་དགོས་པ། གུང་ཁྲན་ཏང་ཡོན་གྱི་ཚད་གཞི་སྤྱད་ནས་རང་ཉིད་ལ་རེ་བ་ནན་པོ་བཏོན་ཏེ་ཏང་དང་རྩ་འཛུགས་ལ་ཡིད་ཆེས་བྱས་ནས་དར་ཆ་གསལ་སྟོན་གྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་རང་རྟོགས་ངང་སྲུང་སྐྱོང་བྱེད་པ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྣེ་ཁྲིད་བྱེད་པ་སོགས་ལས་ཀའི་གཙོ་གནད་དུ་བྱེད་པ་དང་། རང་འཁྲིའི་ལས་དོན་ལེགས་པར་སྒྲུབ་པ། རང་ངོས་འཛུགས་སྐྱོང་ཡག་པོ་བྱེད་པ་བཅས་བྱས་ནས་ལས་འགན་ཁག་གཟེངས་སུ་ཐོན་པའི་ངང་ལེགས་སྒྲུབ་བྱེད་དགོས། མིག་སྔའི་ལས་དོན་གྱི་ལས་འགན་གལ་ཆེན་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ཡག་པོ་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་འགན་ལེན་བྱེད་རྒྱུ་དེ་རེད།

    ཚོགས་འདུའི་ཐོག་བསྟན་དོན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དང་མང་ཚོགས་ཀྱི་འདོད་འདུན་ལ་བརྩི་འཇོག་བྱས་ནས་ས་ངན་ཁུལ་གྱི་མང་ཚོགས་ཚང་མ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་རྒྱུའི་གཏན་འཁེལ་བྱས་ཡོད། དེ་ནི་དབུལ་སྐྱོར་གསར་སྤེལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་ལྷག་དོན་དུ་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་དང་རང་ལྗོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་བྱེད་པའི་བྱ་སྤྱོད་དངོས་ཤིག་ཡིན་པས་དོན་སྙིང་གལ་ཆེན་ལྡན་ཡོད་ལ་དགོས་གལ་ཡང་ཧ་ཅང་ཆེན་པོ་ཡོད།

    ཚོགས་འདུའི་ཐོག་ནན་བཤད་གནང་དོན། ས་ངན་ཁུལ་གྱི་མང་ཚོགས་ཚང་མ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་རྒྱུ་དེ་མང་ཚོགས་དབུལ་པོ་སྡོད་ཁང་སྐྱོ་པོ་ནས་སྤོ་བ་དང་། དབུལ་པོའི་གནད་དོན་ཐག་གཅོད་བྱེད་པ། ལས་ཞུགས་ཐུབ་པ། ཡོང་འབབ་མང་དུ་འགྲོ་བ་བཅས་བྱུང་ནས་དབུལ་པོ་མི་རབས་ནས་མི་རབས་བར་བརྒྱུད་རྒྱུ་བཀག་འགོག་ཐུབ་རྒྱུར་ཕན་པ་དང་། མ་དངུལ་གྱི་ཕན་འབྲས་ཆེ་ཤོས་འདོན་སྤེལ་ཐུབ་ནས་སྤྱི་ཚོགས་ཡར་ཐོན་ཡོང་རྒྱུར་ཕན་པ། སྣོད་བཅུད་ཁོར་ཡུག་ལེགས་སུ་ཕྱིན་ནས་སྣོད་བཅུད་དམངས་ཕྱུག་ལ་སྐུལ་འདེད་གཏོང་རྒྱུར་ཕན་པ། མི་རིགས་ཁག་གི་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་གཅེས་སྐྱོང་ཟབ་མོ་ཏན་ཏིག་ཚོར་ནས་དེ་བས་རང་རྟོགས་ངང་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་བོད་དུ་ཏང་གིས་སྲིད་འཛིན་པའི་རྨང་གཞི་བརྟན་དུ་གཏོང་རྒྱུར་ཕན་པ་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་བྱེད་པ་དེ་འབད་འཐབ་ཀྱི་དམིགས་ཚད་ལ་བརྩི་བ་དང་། ས་ངན་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་རྣམས་རང་ཉིད་ཀྱི་གཅེན་གཅུང་མིང་སྲིང་ལ་བརྩི་བ། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་རྒྱུ་དེ་རང་ཁྱིམ་གྱི་དོན་དུ་བརྩིས་ནས་སྒྲུབ་པ། སྟོབས་ཤུགས་གཅིག་སྒྲིལ་གྱིས་སྔོན་སླ་རྗེས་དཀའ་བྱེད་པ། སྤྱི་འདོམས་འཆར་འགོད་ཀྱིས་གོམ་སྟབས་ཕྱེ་ནས་ལག་ལེན་བསྟར་བ། ལས་དོན་ཁག་ཏན་ཏིག་དང་ཕན་ནུས་ལྡན་པའི་ངང་ལེགས་པར་སྒྲུབ་པ་བཅས་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཚོས་རེ་བ་མཐོང་ཐུབ་པ་དང་། བྱ་སྤྱོད་མཐོང་ཐུབ་པ། ཕན་འབྲས་གང་མགྱོགས་ཐོན་པ་བཅས་བྱེད་དགོས་པ་སྟེ། དེའང་གཅིག་ནས་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་འགན་འཁྲི་སྔར་བས་ཁ་གསལ་བཟོ་བ་དང་། འཆར་འགོད་བཟོ་བ། སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་དོན་ལ་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱེད་དགོས་པ་དང་། གཉིས་ནས་གནས་སྤོས་དབུལ་སྐྱོར་གྲོང་ཁྱེར་དང་གྲོང་རྡལ་གཅིག་སྡུད་དང་། ཐོན་སྐྱེད་རྒྱུ་ཆ་འབེལ་བ། རྨང་གཞིའི་སྒྲིག་བཀོད་བལྟོས་བཅས་ཆ་ཚང་བ་བཅས་ཀྱི་ས་ཁུལ་དུ་གཅིག་སྡུད་བྱེད་པའི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་མང་ཚོགས་ཀྱི་འདོད་འདུན་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་གཅིག་སྡུད་བཀོད་སྒྲིག་དང་ཁ་འགྲེམས་བཀོད་སྒྲིག་ཟུང་འབྲེལ་བྱས་ཏེ་སེམས་ཐག་གཙང་བཅད་ཀྱིས་ས་ངན་ཁུལ་གྱི་མང་ཚོགས་རི་ཁུལ་ནས་གནས་སྤོ་མཐར་ཕྱིན་ཐུབ་པ་བྱེད་དགོས་པ། གསུམ་ནས་ལས་དོན་ཁྲོད་ཀྱི“སུ་གནས་སྤོ་བྱེད་པ”དང་། “སུ་ཡིས་གནས་སྤོ་བྱེད་པ” “གནས་སྤོ་གང་འདྲ་བྱེད་པ” “ཇི་ལྟར་བྱས་ནས་ཕྱུག་པོ་ཆགས་པ” “ཕྱུག་པོ་གང་འདྲ་ཆགས་པ”སོགས་ཀྱི་གནད་དོན་ལ་དམིགས་ནས་དཀའ་ངལ་མདུན་དུ་བརྗོད་པ་དང་། གནད་དོན་འབུར་དུ་ཐོན་པ་དང་ཞིབ་ཕྲ་བཤད་པ། སྲིད་ཇུས་ཀྱི་གནས་ལུགས་ངང་རྒྱུད་རིང་ལ་ཞིབ་ཚགས་ངང་ཤོད་པ། མང་ཚོགས་ཚོས་བསམ་ཕྱོགས་གསལ་བཟོ་དང་ཡིད་ཆེས་བརྟན་དུ་གཏོང་རྒྱུར་རོགས་རམ་བྱེད་པ། དཀའ་ངལ་ཁྱད་བསད་དང་ལས་བརྩོན་ཕྱུག་འགྱུར་བྱེད་པ་བཅས་བྱེད་དགོས་པ། བཞི་ནས་མང་ཚོགས་ལ་ཡིད་ཆེས་དང་གདེང་ཚོད་ཡོད་པ་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རྒྱལ་ཡོངས་མི་རིགས་ཁག་གི་སྒེར་སེམས་མེད་པའི་རོགས་སྐྱོར། མི་རིགས་ཁག་གི་མང་ཚོགས་ཀྱི་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་བཅས་ཡོད་པ་ལས་ང་ཚོས་ལས་དོན་ཁག་ཏན་ཏིག་དང་ལེགས་པར་སྒྲུབ་ཐུབ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་བྱེད་དགོས་པ། ལྔ་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དང་ས་གནས་དེ་གའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཟུང་འབྲེལ་དམ་ཟབ་བྱས་ནས་ཚན་རིག་དང་མཐུན་ལ་ལུགས་མཐུན་ངང་འཆར་འགོད་དང་མ་དངུལ་སྤྱི་འདོམས་བེད་སྤྱོད་བྱས་ཏེ་ཕན་འབྲས་ཆེ་ཤོས་ཐོན་པའི་འགན་ལེན་བྱེད་དགོས།

    ཚོགས་འདུའི་ཐོག ཉེ་དུས་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་དང་། གོམ་སྟབས་རྗེས་མར་མུ་མཐུད་ལྗོངས་ཡོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བའི་བརྟན་ལྷིང་སྲུང་སྐྱོང་གི་སྐུལ་སློང་ཚོགས་འདུའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། བག་མེད་ལྷོད་གཡེང་ཀྱི་བསམ་བློ་དང་བསམ་ཚུལ་ཁྱད་བསད་མཐའ་གཅིག་ཏུ་བྱས་ནས་ཡིད་ཆེས་སྔར་བས་བརྟན་དུ་བཏང་སྟེ་མ་བྱུང་སྔོན་འགོག་བྱེད་རྒྱུ་འགོ་འཛུགས་སར་བརྩིས་ནས་ལས་དོན་སྒྲུབ་པ་དང་། གནད་དོན་ཆེན་པོ་ཐོན་རྒྱུ་སྔོན་འགོག་བྱེད་རྒྱུ་རྨང་གཞིར་བྱས་ནས་གྲ་སྒྲིག་བྱེད་པ། འགན་འཁྲི་དོན་འཁྱོལ་དང་འགན་འཁྲི་འཁུར་ཕོད་པ་བྱེད་རྒྱུ་ཚད་གཞིར་འཛིན་ནས་ལས་བྱེད་པར་ལྟ་བ་བཅས་བྱས་ནས་གནད་དོན་གྲལ་བཤེར་དང་། སྐྱོན་ཆ་འགོག་པ། གཞན་ཆ་གསབ་པ་བཅས་བྱས་ཏེ་སྲུབས་ཀ་མེད་པ་དང་། གྲིབ་ཆ་མི་ལུས་པ། སྟོང་ཆ་མི་ལུས་པ་བཅས་ཀྱི་འགན་ལེན་བྱེད་དགོས་པ་དང་། དྲ་རྒྱའི་གླེང་ཕྱོགས་ཀྱི་ལས་དོན་ལ་མཐོན་ཆེན་བྱས་ནས་དྲང་ནུས་གཅིག་སྒྲིལ་དང་དྲང་ནུས་བརྒྱུད་སྤྲོད་བྱས་ཏེ་གཙང་ཞིང་གྲལ་སྒྲིག་པ་དང་། བརྟན་ལྷིང་། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་གཏོད་དགོས་ཞེས་བསྟན་ཡོད་པ་རེད།

    ཚོགས་འདུའི་ཐོག་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་པའི་མང་ཚོགས་ཀྱི་ཐེམ་ཐོའི་སྲིད་ཇུས་དུས་ཚོད་དམ་འཛིན་གྱིས་འཐུས་སྒོ་ཚང་དུ་གཏོང་བ་དང་། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། དོགས་གནད་སེལ་བའི་ལས་དོན་ཡག་པོ་སྒྲུབ་པ། ལས་དོན་ཞིབ་ཅིང་ཕྲ་ལ་ཏན་ཏིག་ངང་སྒྲུབ་པ་བཅས་བྱས་ཏེ་མང་ཚོགས་ཀྱི་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་སེལ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།