[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝུའུ་དབྱིང་ཅེ།
  • ཝུའུ་དབྱིང་ཅེས་བོད་ཀྱི་སྒྲིག་བཤེར་ལྟ་ཞིབ་ཁོངས་གཏོགས་ཀྱི་གཟེངས་བསྟོད་ཚོགས་ཆེན་ཐོག

    ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་སྟེ་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཧུར་ཐག་བསྐྲུན་དགོས་ཞེས་ནན་བཤད་གནང་བ།

    ​ བློ་བཟང་རྒྱལ་མཚན་དང་། ཆེ་དགྲ་ལྷ། ཀྲོང་ཡན་བཅས་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-10

    ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཁོངས་གཏོགས་ཀྱི་གཟེངས་བསྟོད་ཚོགས་ཆེན་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས་ཏེ་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་རྒྱ་ཆེའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་སྔར་བས་སྐུལ་སློང་བྱས་ཏེ་འགན་ཁུར་ཕོད་པ་དང་རང་འགུལ་ངང་ལས་དོན་བསྒྲུབས་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་བཏང་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཧུར་ཐག་བཏོད་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་བློ་བཟང་འགྱུར་མེད་བཅས་ཚོགས་འདུར་ཕེབས་ཡོད་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྗོངས་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཝང་གཡུང་ཅུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་བྱས་པ་དང་ཀྲུའུ་ཞི་སྡིངས་ཆའི་མདུན་དུ་བཞུགས་པའི་འགོ་ཁྲིད་བློ་མཐུན་གྱིས་གཟེངས་བསྟོད་ཐོབ་མཁན་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་འཐུས་མིར་བྱ་དགའ་གནང་བ་རེད།

    ཝུའུ་དབྱིང་ཅེས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཞིབ་ཕྲའི་མཛུབ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པར་བརྟེན་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་པ་དང་། ལྷག་པར་དུ་ལས་བྱེད་པའི་སྤྱོད་ཚུལ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཁས་ལེན་དང་གདེང་འཇོག་བཟང་པོ་ཐོབ་ཡོད། རྒྱ་ཆེའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་ཚོས་ཏང་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བ་དང་སྒེར་སེམས་མེད་པ་དང་། དཔའ་མི་ཞུམ་པ། རང་དོན་རྒྱབ་སྐྱུར་བཅས་ཀྱི་ཐོག་ནས་ལས་དོན་བསྒྲུབས་པར་བརྟེན་ལྷག་བསམ་དག་པ་དང་བློས་འགེལ་ཆོག་པ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། གཞུང་དྲང་ཚུགས་བརྟན། གཞུང་དྲང་ཁྲིམས་འཛིན་བཅས་ཀྱི་སྔོན་ཐོན་དཔེ་མཚོན་ཁག་གཅིག་ཐོན་ཡོད་ཅེས་གསུངས་པ་རེད། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་མཁན་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་མ་ཟད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པར་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུས་པ་རེད།

    ཝུའུ་དབྱིང་ཅེས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ནི་ནམ་ཡང་ཚར་དུས་མེད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་ནན་པོས་སྐྱོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་སྐབས་རིམ་པའི་ཚང་འཛོམས་གྲོས་ཚོགས་དང་རྒྱལ་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཁོངས་གཏོགས་ཀྱི་གཟེངས་བསྟོད་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་བཀོད་སྒྲིག་གཞིར་བཟུང་། སྒྲིག་བཤེར་ལྟ་ཞིབ་ལས་དོན་ནི་ཏང་གི་ལས་དོན་ཞིག་ཡིན་པ་དང་། རིམ་ཁག་རྩ་འཛུགས་ཀྱི་རང་འཁྲིའི་ལས་ཀ་ཞིག་དང་འགན་བབ་ལས་དོན་ཞིག་ཡིན་པའི་ངོས་འཛིན་གཏིང་ཟབ་ཐུབ་པ་བྱས་ནས་སྒྲིག་བཤེར་ལྟ་ཞིབ་ལས་དོན་ལ་བསམ་ཤེས་དང་རྒྱབ་སྐྱོར་གང་ལེགས་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ། ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། ཕྱོགས་ཡོངས་ནས་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བཅས་བྱས་ཏེ་རང་ལྗོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ལ་རྣམ་པ་གསར་པ་གཏོད་དགོས་པ་སྟེ།

    གཅིག་ནས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྒྲིག་ཁྲིམས་ནན་པོ་སྲུང་དགོས། ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཆེ་ཤོས་སུ་བརྩི་བ་དང་ཆེས་གལ་འགངས་ཆེ་བའི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ལ་བརྩིས་ནས་རང་རྟོགས་ངང“འདུ་ཤེས་བཞི”ཆེ་རུ་བཏང་སྟེ་བསམ་བློའི་ཐད་ཏང་གི་འགོ་ཁྲིད་སྲོག་ཤིང་ལ་ཡིད་ཆེས་གང་ལེགས་བྱེད་པ་དང་། ཆབ་སྲིད་ཐད་ཏང་གི་འགོ་ཁྲིད་སྲོག་ཤིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། རྩ་འཛུགས་ཐད་རང་རྟོགས་ངང་ཏང་གི་འགོ་ཁྲིད་སྲོག་ཤིང་ལ་བསྟུན་པ། བརྩེ་སེམས་ཐད་ཏང་གི་འགོ་ཁྲིད་སྲོག་ཤིང་ལ་བཅངས་པའི་མོས་སེམས་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ལམ་ནན་དུ་བཏང་ནས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་བཅས་ཀྱི་རྩ་དོན་གལ་ཆེན་གྱི་གནད་དོན་ལ་ཐོག་མཐའ་བར་གསུམ་དུ་དར་ཆ་གསལ་སྟོན་དང་། ལངས་ཕྱོགས་བརྟན་པོ། ངོས་འཛིན་གཅིག་གྱུར། ཁ་ཞེ་གཉིས་མེད། རྣམ་འགྱུར་བརྟན་པོ། གོམ་སྟབས་གཅིག་གྱུར་བཅས་ཡོང་བ་བྱེད་དགོས་པ་དང་།

    གཉིས་ནས་ཐོག་མཐའ་བར་གསུམ་དུ་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་དགོས། སྙིང་རུས་ཆེན་པོས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་བྱས་ནས་གོ་བ་ལེན་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་སྐབས་རིམ་པའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་ཧྲུའུ་ཅི་ཝང་ཆི་ཧྲན་གྱི་མཛུབ་སྟོན་བླང་བྱ་སློབ་སྦྱོང་ནན་ཏན་བྱེད་པ། སྙིང་རུས་ཆེན་པོས་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་བྱས་ནས་གོ་བ་ལེན་པ་དང་སྙིང་རུས་ཆེན་པོས་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྣོད་བཅུད་ཤེས་དཔལ་བཅས་དང་མཚན་ཉིད་རིག་པ་དང་། མི་རིགས། ཆོས་ལུགས་སོགས་ཐད་ཀྱི་ཤེས་བྱ་སློབ་སྦྱོང་བྱས་ནས་གོ་བ་བླངས་ཏེ་སློབ་སྦྱོང་ཁྲོད་ནས་གནད་དོན་ཐག་གཅོད་བྱེད་པའི་ཐབས་ཤེས་རྙེད་ཐུབ་པ་བྱས་ནས་འགན་འཁྲི་སྒྲུབ་པའི་ནུས་པ་དང་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས་པ།

    གསུམ་ནས་དམིགས་བསལ་རང་བཞིན་མེད་པའི་བསམ་བློ་བརྟན་པོ་འཛུགས་དགོས། “བརྟན་པོ་གསུམ་འཛུགས་པའི”བླང་བྱ་གཞིར་བཟུང་དེ་བས་མཐོ་བའི་ཚད་གཞི་དང་དེ་བས་ནན་པའི་བླང་བྱའི་ཐོག་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ལ་སྐུལ་འདེད་གཏོང་དགོས། ཏང་གི་སྒྲིག་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས་བྱས་ཏེ་ཏང་གི་སྒྲིག་ཁྲིམས་ལས་འགལ་བའི་བྱེད་སྤྱོད་མཐའ་དག་དང་མཐའ་གཅིག་ཏུ་འཐབ་རྩོད་བྱེད་དགོས་པ་ལས་ཏང་ཁྲིམས་དང་རྒྱལ་ཁྲིམས་ཀྱི་ཚོད་འཛིན་མི་ཕོག་པ་དང་ཐ་ན་ཏང་གི་སྒྲིག་ཡིག་དང་ཏང་རྩ་འཛུགས་ལ་མི་བརྩི་མཁན་གྱི་དམིགས་བསལ་ཏང་ཡོན་རྩ་བ་ནས་ཡོད་མི་ཆོག་པ།

    བཞི་ནས་འགན་འཁྲི་ལྕི་པོ་ཁུར་ནུས་པ་དང་ཁུར་ཕོད་པ་བྱེད་དགོས། ཏང་ནང་ཁུལ་གྱི་ལྟ་སྐུལ་ཆེད་འགན་འཁུར་མཁན་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཆབ་སྲིད་རང་བཞིན་དང་། དུས་རབས་རང་བཞིན། རྩ་དོན་རང་བཞིན། དམག་འཐབ་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། འགོ་ཁྲིད་ལས་བྱེད་པས་སྔོན་ལ་མིག་དཔེ་འདོན་པ་དང་རང་གཅུན་ནན་པོ་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས“སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་དགོས་པ། དམ་འཛིན་ལྷོད་མེད་དང་སྤུ་གྲི་འཆང་ནས་ཐར་པར་མི་གཏོང་བའི་རྣམ་འགྱུར་ཐོག་ནས་མང་ཚོགས་ཁྲོད་ཐོན་པའི་རུལ་སུངས་ཙག་ཙིག་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་དང་ཏང་ཡོན་ལས་བྱེད་པའི་སྒྱིད་ལུག་སྲིད་འཛིན་དང་འགན་མི་འཁུར་བ་དང་། དགོས་པའི་ལས་མི་བྱེད་པ། མི་དགོས་ལས་རྙོག་བཟོ་བ་སོགས་ཀྱི་སྣང་ཚུལ་བཅོས་སྒྲིག་ནན་པོ་བྱེད་དགོས་པ།

    ལྔ་ནས་ཉེ་རིང་ཕྱོགས་ལྷུང་མེད་པར་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་རྩད་གཅོད་བྱ་རྒྱུར་ལྟ་སྐུལ་བྱེད་དགོས། ཏང་ནང་ཁུལ་གྱི་ལྟ་སྐུལ་དེ་ཏང་ཕྱིའི་ལྟ་སྐུལ་དང་། མང་ཚོགས་ཀྱི་ལྟ་སྐུལ། སྤྱི་ཚོགས་ཀྱི་ལྟ་སྐུལ་བཅས་དང་ཟུང་འབྲེལ་བྱས་ནས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་བཅས་རྩ་དོན་གལ་ཆེན་ཐད་ཐོན་པའི་གནད་དོན་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་རིང་བརྟན་ལྷིང་སྲུང་སྐྱོང་དང་བདེ་སྲུང་ལས་དོན་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་མི་བྱེད་མཁན་དང་། འགན་འཛོལ་འགན་ཤོར། གནད་དོན་ཐོན་རིགས་བཅས་ཤེས་རྟོགས་བྱུང་ཚེ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་ལས་རྒྱ་ཡན་དུ་གཏོང་མི་ཆོག་པ།

    དྲུག་ནས་རང་དཔེ་གཞན་སྟོན་བྱས་ཏེ་སྤྱོད་གཙང་རང་འདོམས་ལ་སྣེ་ཁྲིད་བྱེད་དགོས། སློབ་གསོ་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། རང་ངོས་ཀྱི་ལྟ་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ནང་ཁུལ་ཚོད་འཛིན་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་རྒྱ་ཆེའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་ཚོས་ལས་དོན་སྒྲུབ་ཕོད་པ་དང་། ལྟ་སྐུལ་བྱེད་ཕོད་པ། འགན་འཁྲི་འཁུར་ཕོད་པ་བཅས་ལ་སློབ་གསོ་ཁྲིད་སྟོན་བྱས་ཏེ་ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་གྱི་ནུས་པ་ཐོན་ཐུབ་པ་བྱེད་དགོས་པ།

    བདུན་ནས་རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་དངོས་འབྲེལ་དོ་དམ་ནན་པོ་བྱེད་པ་དང་། དོ་དམ་ནན་པོ་བྱེད་ཕོད་པ། ཡུན་རིང་དོ་དམ་ནན་པོ་བྱེད་པ་བཅས་ཀྱི་སྒོ་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ལ་སྟོབས་དང་ལྡན་པའི་འགན་ལེན་མཁོ་འདོན་བྱེད་དགོས། རིམ་ཁག་སྒྲིག་ཨུད་ཀྱིས་ཕྱོགས་ཡོངས་ནས་ཏང་གི་སྒྲིག་ཡིག་གིས་དཀྲིས་པའི་འགན་འཁྲི་བསྒྲུབས་ཏེ་སྒྲིག་ཁྲིམས་ལག་བསྟར་ནན་པོ་དང་། བདའ་འདེད་ཀྱི་འགན་ཡག་པོ་འཁུར་བ། འགག་སྒོ་ཡག་པོ་སྲུང་བ་བཅས་བྱས་ནས་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པ།

    བརྒྱད་ནས་རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་རྣམ་པ་བཟང་པོ་གཏོད་དགོས། ཏང་ནན་པོས་སྐྱོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ཁྲོད་ཐོན་པའི་སྔོན་ཐོན་དཔེ་བཟང་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་སྤྱི་ཚོགས་ཡོངས་སུ་ཁོར་ཡུག་བཟང་པོ་དང་རྣམ་པ་ཟབ་མོ་གཏོད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་འཐུས་མིས་གཏམ་བཤད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།