[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝུའུ་དབྱིང་ཅེ།
  • ཝུའུ་དབྱིང་ཅེས་ཆབ་མདོ་གོ་འཇོའི་ས་ངན་ཁུལ་དུ་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་བརྟག་ཞིབ་གནང་སྐབས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་དགོས་ཞེས་ནན་བཤད་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-09

    440117_yis_1507438032392.jpg

    འདི་ནི་ཝུའུ་དབྱིང་ཅེས་ས་ངན་ཁུལ་དུ་བྱང་གསུམ་ཤང་གི་མང་ཚོགས་དང་གླེང་མོལ་གནང་བའི་གནས་ཚུལ་ཡིན་པ།

    འབྲི་ཆུའི་འགྲམ་རྒྱུད་དུ་ཆགས་པའི་ཆབ་མདོ་གོ་འཇོའི་ས་ངན་ཁུལ་ནི་རི་མཐོ་ཞིང་ལམ་ཐག་རིང་བ་དང་ས་རྒྱུ་ཞན་པས་དེ་ནི་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དཀའ་ཚེགས་ཆེ་བའི་ས་ཁུལ་ཞིག་རེད། ས་ངན་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཐུབ་མིན་དེ་རང་ལྗོངས་ཀྱི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་བརྒྱུད་རིམ་དང་ཐད་ཀར་འབྲེལ་བ་ཡོད། “ཇི་ལྟར་བྱས་ཏེ་ས་ངན་ཁུལ་ལྟ་བུའི་དབུལ་པོའི་ཁྲོད་ཀྱི་དབུལ་པོ་དང་། དཀའ་ངལ་ཁྲོད་ཀྱི་དཀའ་ངལ། དཀའ་གནད་ཁྲོད་ཀྱི་དཀའ་གནད། འགག་གནད་ཁྲོད་ཀྱི་འགག་གནད་བཅས་ཀྱི་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་མང་ཚོགས་རྣམས་གང་མགྱོགས་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པ་བྱ་རྒྱུ”དེ་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་རྒྱུན་དུ་ཐུགས་ཁུར་གནང་བའི་དོན་ཆེན་ཞིག་རེད། ཚེས་5ཉིན་ཝུའུ་དབྱིང་ཅེ་ཆེད་མངགས་ས་ངན་ཁུལ་དུ་ཕེབས་ནས་གཞི་རིམ་གྱི་ལས་བྱེད་པ་དང་ས་གནས་དེ་གའི་མང་ཚོགས་དང་སྤེལ་རེས་དང་སྙིང་གཏམ་གླེང་གནང་བ་མ་ཟད། དབུལ་སྒྲོལ་འགག་སྒྲོལ་དང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་སོགས་ཀྱི་ཐད་བསམ་འཆར་དང་གྲོས་འགོ་གསན་པ་དང་འབྲེལ་ཐུན་མོང་ཐོག་དབུལ་སྒྲོལ་གྱི་ཇུས་ཆེན་དང་ཕྱུག་འགྱུར་གྱི་འཐབ་ཇུས་བཟང་པོར་ཡང་གྲོས་བསྡུར་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་མཉམ་དུ་ཕེབས་ཡོད། རི་མཐོ་གཡང་གཟར་དང་ལམ་བར་གྱི་ཉེན་ཁར་མི་འཛེམ་པར་ཝུའུ་དབྱིང་ཅེ་ཞོགས་པ་སྔ་པོ་ནས་གོ་འཇོ་རྫོང་ནས་རྡོག་ཐོན་གནང་སྟེ་ཀྱག་ཀྱོག་གི་རི་ལམ་བརྒྱུད་ཆུ་ཚོད་3ལྷག་ཙམ་རླངས་འཁོར་ནང་ཞུགས་མཐར་ས་ངན་ཁུལ་དུ་འབྱོར། རི་སྟེང་ནས་ས་ངན་ཁུལ་གྱི་བྱང་གསུམ་ཤང་དང་། མིག་མདོ་ཤང་། གསེར་གདོང་ཤང་བཅས་ལ་རྒྱང་ལྟ་བྱེད་སྐབས་གཅིག་ལ་གཅིག་འབྲེལ་གྱི་རི་རྒྱུད་དག་མཐོ་ལ་གཡང་གཟར་དང་། གོག་ཧྲུལ་གྱི་སྡོད་ཁང་ནང་མི་ཕྱུགས་མཉམ་དུ་སྡོད་ཅིང་། ས་གནས་དེ་གའི་མང་ཚོགས་རྣམས་བསྲེགས་རྨོད་གྲིས་འདེབས་དང་གནམ་ཆུར་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད།

    ཝུའུ་དབྱིང་ཅེ་དང་བཅས་པ་ས་ངན་ཁུལ་གྱི་དོ་དམ་ཨུ་ལྷན་དུ་ཕེབས་ནས་ལས་ཀའི་སྙན་སེང་ཞིབ་ཕྲ་གསན་པ་དང་འབྲེལ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་འཕེལ་རིམ་གྱི་གནས་ཚུལ་དང་མང་ཚོགས་ཀྱི་བསམ་འདུན་མཁྱེན་རྟོགས་ནན་ཏན་གནང་ཞིང་། ཝུའུ་དབྱིང་ཅེས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་པ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་ཐུགས་ལ་བཅངས་པའི་དོན་ཆེན་ཞིག་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཡོངས་བློ་ལ་བཅངས་པ་དང་ཕུགས་ལ་དམིགས་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་རྒྱུ་དེ་ས་གནས་ཀྱི་རྨང་གཞིའི་སྒྲིག་བཀོད་བསྐྲུན་རྒྱུ་དང་ཟུང་འབྲེལ་ནུས་ལྡན་བྱེད་པ་དང་། མ་དངུལ་སྤྱི་འདོམས་བསྡུ་སྒྲིལ་དང་ཚན་རིག་དང་ལུགས་མཐུན་གྱི་སྒོ་ནས་དངུལ་བཏང་སྟེ་ཚང་མར་ཕན་འབྲས་ཆེན་པོ་ཐོན་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

    ཝུའུ་དབྱིང་ཅེ་དང་བཅས་པ་ཤང་ནང་ཕེབས་པ་མཐོང་སྐབས་མང་ཚོགས་རྣམས་ཁོང་གི་ཕྱོགས་སུ་རྒྱུག་ཡོང་བ་དང་ཝུའུ་དབྱིང་ཅེས་ཀྱང་གོམ་སྟབས་མགྱོགས་པོས་མང་ཚོགས་ཚོའི་མདུན་བསུས་ཏེ་ཁོང་ཚོ་དང་སྤེལ་རེས་གནང་བ་དང་ཁོ་ཚོའི་སྙིང་གཏམ་གསན་པ་མ་ཟད། གནས་སྤོས་བྱས་རྗེས་དང་མ་སྤོས་གོང་གི་གནས་ཚུལ་སྐོར་གླེང་གནང་བ་རེད།

    “གྲོང་ཚོའི་མང་ཚོགས་ལ་མི་རེར་ཆ་སྙོམས་ས་ཞིང་ག་ཚོད་ཡོད་དམ” “ཁྱིམ་ཚང་གི་ཡོང་འབབ་ཇི་ཙམ་ཡོད་དམ། ཕྱིན་བྱུང་གི་འཚོ་བར་འཆར་གཞི་གང་འདྲ་ཡོད་དམ”བཅས་འདྲི་སྐབས་མང་ཚོགས་ཚོས་འཚང་ཁ་ཤིག་ཤིག་ངང་རང་ཉིད་ཀྱི་བསམ་ཚུལ་ཞུས་པ་རེད།“ས་ངན་ཁུལ་དུ་ཆ་རྐྱེན་གང་ཡང་མེད་པས་ང་ཚོས་སེམས་ནུས་ཡོད་ཚད་བཏོན་ནས་ཐོན་སྐྱེད་འཕེལ་རྒྱས་བཏང་ཡང་མང་ཚོགས་ཀྱི་འཚོ་བར་གྲུབ་འབྲས་དེ་ཙམ་མ་ཐོབ་སྟབས་གནོང་འགྱོད་ཆེན་པོ་འདུག གྲོང་མི་ཚོས་ཧྲུའུ་ཅི་ཝུའུ་དབྱིང་ཅེ་གྲོང་ཚོར་ཕེབས་ཀྱི་ཡོད་པ་ཤེས་སྐབས། ཚང་མས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག མང་ཚོགས་ཚོས་གནས་སྤོས་རྗེས་ས་ཞིང་དེ་བས་མང་བ་འདེབས་རྒྱུ་ཡོད་པ་དང་ཕྲུ་གུ་ཚོར་དེ་བས་ལེགས་པའི་སློབ་གསོ་མྱོང་ཐུབ་པའི་རེ་བ་བྱེད་ཀྱི་འདུག གནས་སྤོ་བྱ་ཡུལ་དེ་ད་ཆ་ལས་ཆ་རྐྱེན་ལེགས་པ་ཡོད་ན་ཚང་མ་སྤོ་འདོད་བྱེད་ཀྱི་འདུག”ཅེས་གྲོང་མི་ངག་མགོན་གྱིས་དེ་ལྟར་བཤད།

    ཝུའུ་དབྱིང་ཅེས“གལ་ཏེ་སྤོ་ཐུབ་ན། ཏང་དང་སྲིད་གཞུང་གི་རོགས་རམ་འོག་ཁྱེད་ཚོའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ད་ཆ་ལས་ལེགས་སུ་འགྲོ་ངེས་རེད། ཡིན་ནའི་ཁྱེད་ཚོས་རང་འགུལ་ངང་ས་གནས་ཀྱི་ཐོན་སྐྱེད་འཚོ་བར་ཞུགས་པ་དང་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་ལ་བརྟེན་ནས་རང་ཉིད་ཀྱི་ལག་གཉིས་ཀྱིས་བདེ་སྐྱིད་འཚོ་བ་གསར་པ་གཏོད་དགོས”ཞེས་གསུང་སྐབས་དེར་ཡོད་མང་ཚོགས་ཚོས་དགའ་སྤྲོའི་ངང་དགའ་བསུ་ཞུས་པ་རེད།

    ཝུའུ་དབྱིང་ཅེ་དེ་རྗེས་མིག་མདོ་ཤང་དུ་ཕེབས་ནས་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་བསྐོངས་ནས་བཞུགས་མོལ་གནང་སྟེ་མང་ཚོགས་ཚོའི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་གནང་སྐབས། གྲོང་མི་པད་མ་དྲུང་དང་། བཀྲ་ཤིས། ཚེ་བཀྲ་ཤིས། བཀྲ་ཤིས་ཚེ་རིང་། ཨ་བཟང་སོགས་ཀྱིས་ཡུལ་དེ་ནས་སྤོ་རྒྱུའི་བསམ་ཚུལ་རྣམས་བཤད། ཝུའུ་དབྱིང་ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་དབུལ་སྐྱོར་ལ་ཐུགས་ཁུར་ཆེན་པོ་གནང་གི་ཡོད་ལ། མང་ཚོགས་དབུལ་པོའི་བདེ་སྡུག་ཐུགས་ལ་བཅངས་ནས་དབུལ་སྐྱོར་གསར་སྤེལ་གྱི་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་བཏང་ཡོད། ང་ད་ཐེངས་ཡོང་བའི་དམིགས་ཡུལ་ཡང་ས་ཁུལ་ཤིན་ཏུ་དབུལ་པོའི་དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ས་ཁུལ་དབུལ་པོའི་དཀའ་ངལ་ཡོད་པའི་མང་ཚོགས་སྔ་ཙམ་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་རྒྱུར་རོགས་རམ་བྱ་ཆེད་དུ་ཡིན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མི་དམངས་ལྟེ་བར་བྱེད་པའི་སྤྱི་ཁྱབ་ཧྲུའུ་ཅིའི་འཕེལ་རྒྱས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་མང་ཚོགས་ཀྱི་བསམ་འདུན་ལ་བརྩི་འཇོག་བྱེད་པ་དང་། ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ལས་དོན་ལ་སྐུལ་འདེད་གཏོང་བ། འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། རྗེས་མཐུད་འགན་ལེན་དང་བཀོད་སྒྲིག་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་མང་ཚོགས་དབུལ་པོ་ཡུལ་སྐྱོ་པོ་ནས་སྤོ་བ་དང་། ལས་ཀ་གསར་པ་རག་པ། དངུལ་ཁུག་ལྗི་ཏིག་ཏིག་ཆགས་པ་བཅས་ལ་རོགས་རམ་བྱེད་དགོས། ས་ངན་ཁུལ་གྱི་རྒྱ་ཆེའི་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་གནང་བའི་ཐུགས་ཁུར་དང་མི་རིགས་ཁག་གི་མང་ཚོགས་ལ་བཅངས་པའི་དགའ་གཅེས་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་དམིགས་བསལ་བྱམས་སྐྱོང་ལ་དྲིན་ལན་འཇལ་དགོས་ཞེས་གསུངས།

    ཝུའུ་དབྱིང་ཅེས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པ་ནི་ང་ཚོས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་བཞག་པའི་བརྗིད་ཆེའི་དམ་བཅའ་རེད། འོན་ཀྱང་བདེ་སྐྱིད་ཀྱི་འཚོ་བ་ནི་གནམ་ནས་ཟགས་མི་སྲིད་པས་ཚང་མས་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་ཐོབ་པར་བྱེད་དགོས། བྱ་གཞག་གཏོད་པར་དཀའ་ངལ་འཕྲད་སྲིད། ཁྱེད་ཚོས“མི་རབས་འདིར་དཀའ་བ་སྤྱད་དེ་བུ་རབས་ཚ་རྒྱུད་ལ་བདེ་སྐྱིད་བསྐྲུན་རྒྱུའི”གྲ་སྒྲིག་བྱེད་པ་དང་འབྲེལ་རང་སྟོབས་ཀྱི་འཇོན་ཐང་འདོན་སྤེལ་གང་ལེགས་དང་ཏང་དང་སྲིད་གཞུང་གི་འབོད་སྐུལ་ལ་བརྡ་ལན་ཧུར་ཐག་ཞུས་ཏེ་དབུལ་པོའི་རྩ་བ་གཅོད་པ་དང་ཡུལ་སྐྱོ་པོ་ནས་སྤོས་ཏེ་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཡག་པོ་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས།

    ཝུའུ་དབྱིང་ཅེས་ས་གནས་ཁག་དང་སྡེ་ཚན་ཁག་དང་ལྷག་པར་དུ་གཞི་རིམ་ཏང་རྩ་འཛུགས་བཅས་ཀྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལ“སུ་སྤོ”དང་། “སུས་སྤོ”“ཇི་ལྟར་སྤོ”“ཇི་ལྟར་གནས་པར་བྱ”“ཕྱུག་པོ་ཇི་ལྟར་ཆགས”སོགས་ཀྱི་གནད་དོན་ལ་དམིགས་པ་དང་སེམས་རྩ་འཁོལ་བ་དང་། ཞིབ་ཅིང་ཕྲ་བ། གནད་འཁེལ་བཅས་ཀྱི་སྒོ་ནས་རྒྱ་ཆེའི་མང་ཚོགས་ཚོར་སྲིད་ཇུས་དྲིལ་བསྒྲགས་དང་མང་ཚོགས་ཚོའི་བསམ་ཕྱོགས་གསལ་བཟོ་དང་ཡིད་ཆེས་བརྟན་དུ་གཏོང་རོགས་བྱས་ཏེ་དཀའ་སྡུག་མྱོང་ཕོད་པ་དང་། དཀའ་ངལ་ཁྱད་བསད། ཕྱུག་འགྱུར་གྱི་འདུན་པ་མངོན་འགྱུར་བཅས་བྱེད་དགོས་པ་དང་། མང་ཚོགས་ལ་བརྟེན་པ་དང་མང་ཚོགས་སྐུལ་སློང་ལ་མཐའ་འཁྱོངས་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་མང་ཚོགས་སྤོས་རྗེས་ཀྱི་འཚོ་བའི་ལམ་བུ་ཇེ་ཡངས་སུ་གཏོང་བ་དང་ཞབས་ཞུ་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབས་ནས་མང་ཚོགས་དབུལ་པོ་སྤོ་ཐུབ་པ་དང་། གནས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་བྱེད་དགོས་པ། མང་ཚོགས་དབུལ་པོའི་ལས་དབང་འགྱུར་བའི་གསོན་ཉམས་ཀྱི་ལག་ལེན་ལ་བརྟེན་ནས་མང་ཚོགས་ཚོས་དེ་དག་ཚང་མ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཡིན་པ་ཚོར་བར་བྱས་ཏེ་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

    བརྟག་ཞིབ་གནང་སྐབས་ཝུའུ་དབྱིང་ཅེས་ད་དུང་ཤང་གྲོང་ལས་བྱེད་པ་དང་། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་བཅས་ལ་བྱམས་བརྩེའི་ངང་གཟིགས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ཁོང་ཚོ་བརྒྱུད་ལྗོངས་ཡོངས་ཀྱི་རྒྱ་ཆེའི་གཞི་རིམ་ལས་བྱེད་པ་དང་ཁོང་ཚོའི་ནང་མིར་བྱམས་བརྩེའི་འཚམས་འདྲི་ཞུས་པ་རེད། ཝུའུ་དབྱིང་ཅེས་རྒྱ་ཆེའི་གཞི་རིམ་ལས་བྱེད་པ་ཚོས“འདུ་ཤེས་བཞི”བརྟན་པོ་བཅངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གནས་བབ་སྲུང་སྐྱོང་བྱེད་པའི་བློ་བརྟན་རང་བཞིན་དང་རང་རྟོགས་རང་བཞིན་ཆེ་རུ་བཏང་སྟེ་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཆབ་སྲིད་ཀྱི་སྒྲིག་ལམ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ལམ་ནན་པོ་བསྲུངས་ནས་མེས་རྒྱལ་གཅིག་གྱུར་མཐའ་གཅིག་ཏུ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་དགོས་པ། གཞི་རིམ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མཛད་ཕྱོགས་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱ་ཡུལ་གྱི་གར་སྟེགས་དང་རང་ངོས་ཀྱི་ལག་ལེན་དང་སྦྱོང་བརྡར་སྤྲོད་སའི་སློབ་ཚན་དུ་བརྩིས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ལ་སྙིང་རུས་ཆེན་པོས་སློབ་སྦྱོང་དང་གོ་བ་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་གལ་ཆེན་གྱི་དགོངས་པ་དང་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་ཞིབ་བྱེད་ཐེངས་གཉིས་པའི་ཐོག་གནང་བའི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་། གོ་བ་ལེན། ལག་ལེན་བསྟར་བ། རྟོགས་ཐུབ་པ་བཅས་བྱས་ཏེ་དེ་བས་ལེགས་པའི་སྒོ་ནས་ལས་དོན་ལ་སྤྱོད་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་དགོས། ལུས་གཞི་རིམ་དུ་གནས་ཐུབ་པ་དང་སེམས་སྤྱི་ཡོངས་ལ་འཆང་བ་དང་། མང་ཚོགས་ཀྱི་ལྟ་བ་འཆང་བ་དང་སྤྱི་ཞབས་ཀྱི་འདུ་ཤེས་ལ་ཤུགས་སྣོན་རྒྱག་པ། ལུས་ཚུགས་ཐུབ་པ་དང་། སེམས་གནས་ཐུབ་པ། གཞི་རིམ་དུ་རྩ་བ་ཚུགས་ཐུབ་པ་བཅས་བྱས་ནས་གྲོང་མི་ཚོ་དང་འབྲེལ་འདྲིས་དང་། གཞོན་ནུ་དང་གྲོགས་པོ་སྒྲིག་སྟེ་རྒྱ་ཆེའི་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཐུབ་པར་བྱས་ནས་གཞི་རིམ་གྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་ལེགས་སྐྱེས་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།