[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝུའུ་དབྱིང་ཅེ།
  • ཝུའུ་དབྱིང་ཅེས་ཆབ་མདོ་གྲོང་ཁྱེར་དུ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-09

    440115_yis_1507438021722.jpg

    ཟླ་10ཚེས་3ནས་ཚེས་5ཉིན་བར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་དང་། བྲག་གཡབ་རྫོང་། ཁ་རུབ་ཆུས། འཇོ་མདའ་རྫོང་། གོ་འཇོ་རྫོང་། སྨར་ཁམས་རྫོང་སོགས་སུ་ཕེབས་ནས་དབུལ་སྒྲོལ་འགག་སྒྲོལ་དང་གཞི་རིམ་གྱི་ཏང་འཛུགས་སྐྱོང་སོགས་ཀྱི་ལས་དོན་སྤེལ་ཚུལ་ཐད་བརྟག་ཞིབ་གནང་ཞིང་། འདི་ནི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཕེབས་པ་གོ་ཐོས་བྱུང་རྗེས་ཁ་རུབ་པེ་ཅིང་གྲོང་གསར་གྱི་གྲོང་མིས་འཕྲལ་མར་དེ་གར་ཡོང་ནས་ཁོང་ལ་དཀར་གཙང་ཁ་བཏགས་འབུལ་བའི་གནས་ཚུལ་ཡིན་པ།

    བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐུགས་ཁུར་ཆེན་པོ་གནང་ལུགས་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རེ་སྒུག་ཆེན་པོ་བྱེད་ལུགས་བསྣམས་བཞིན་ཟླ་10ཚེས་3ནས་ཚེས་5ཉིན་བར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་དང་། བྲག་གཡབ་རྫོང་། ཁ་རུབ་ཆུས། འཇོ་མདའ་རྫོང་། གོ་འཇོ་རྫོང་། སྨར་ཁམས་རྫོང་སོགས་སུ་ཆེད་མངགས་ཕེབས་ནས་དབུལ་སྒྲོལ་འགག་སྒྲོལ་དང་གཞི་རིམ་གྱི་ཏང་འཛུགས་སྐྱོང་སོགས་ཀྱི་ལས་དོན་སྤེལ་ཚུལ་བརྟག་ཞིབ་གནང་བ་དང་འབྲེལ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་བླང་བྱ་རབ་དང་རིམ་པ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཀྱང་བཏང་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་གསར་སྤེལ་སྐོར་གྱི་དགོངས་པ་གལ་ཆེན་དང་ལྷག་པར་དུ་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གྱིས་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་ཤུགས་ཆེ་རུ་གཏོང་བ། ཕར་ཕྱིན་རྒྱག་པའི་ལག་རྩལ་ཡག་པོ་སྦྱོང་བ། ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་མང་ཚོགས་ལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུའི་ཁྲིད་སྟོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་དང་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་སི་ལིང་ཡོན་ལིའུ་གོ་རུང་ལྷན་དུ་ཕེབས་པ་རེད།

    དཔའ་ཤོད་རྫོང་དུ་ཐོན་ཁུངས་དམིགས་བསལ་ལྡན་པ་དང་ཡུལ་སྐོར་ཐོན་ལས་ཀྱི་ཕན་འབྲས་རགས་ཙམ་ཐོན་ཡོད། ར་འོག་གྲོང་རྡལ་ཆུང་ངུར་ཝུའུ་དབྱིང་ཅེས་ཡུལ་སྐོར་ཐོན་ལས་ཀྱིས་གནད་སྨིན་དབུལ་སྐྱོར་ལ་རོགས་འདེད་བྱས་ཚུལ་ནན་ཏན་ངང་མཁྱེན་རྟོགས་གནང་བ་དང་སྦྲགས་ཁོང་གིས་དམིགས་བསལ་ཁྱད་ཚོས་ལྡན་ལ་ཕུན་སུམ་ཚོགས་པའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། དབུལ་སྐྱོར་ལ་སྐུལ་ཁྲིད་བྱེད་པའི་ཡུལ་སྐོར་གྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་པ། བསམ་ཕྱོགས་གསེད་བཀྲོལ་བྱེད་པ། དམིགས་ཚད་གསལ་པོ་བཟོ་བ། གྲོང་ཚོའི་གནས་ཚུལ་དང་བསྟུན་པ། དུད་ཚང་ལ་དམིགས་ཏེ་ཐབས་ཇུས་འདོན་པ་བཅས་བྱེད་དགོས་པ་མ་ཟད། ད་དུང་མཛེས་ལྗོངས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལག་བསྟར་ཇུས་གཞི་ཞིབ་འཇུག་བྱས་ཏེ་བཟོ་དགོས།གནད་སྨིན་དབུལ་སྐྱོར་བྱ་ཡུལ་མང་ཚོགས་དབུལ་པོ་སྔོན་ལ་དབུལ་སྒྲོལ་ཐུབ་པ་བྱས་ཏེ་ས་གནས་དེ་གའི་གྲོང་མི་ཡུལ་སྐོར་འཕེལ་རྒྱས་ནང་ཞུགས་སུ་འཇུག་དགོས་ལ་དེའི་ཐོབ་ཆའང་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱེད་དགོས་པ་དང་། ཕྱི་ནས་ཡོང་བའི་ཡུལ་སྐོར་བ་བདེ་ཞིང་སྐྱིད་ལ་བློ་ཡིད་ཚིམ་པོ་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད། བྲག་གཡབ་རྫོང་དཀྱིལ་ཐང་གྲོང་རྡལ་ནི་རང་སྐྱོང་ལྗོངས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་ཞིག་རེད། གྲོང་ཚོ་དེའི་མང་ཚོགས་ཀྱི་འབབ་ཁུངས་གཙོ་བོ་ནི་ཞིང་འབྲོག་ལས་དང་། འདེབས་འཛུགས་ལས་རིགས། ནགས་ཁྲོད་ཐོན་ཁུངས་འཐུ་བསྡུའི་ལས་རིགས། ངལ་ནུས་ཕྱིར་གཏོང་སོགས་རེད། ཝུའུ་དབྱིང་ཅེས་གཞི་རྩའི་གནས་ཚུལ་མཁྱེན་རྗེས་བསམ་པའི་འཁྱེར་སོ་གང་འདྲ་ཡིན་མིན་ལས་གྲུབ་འབྲས་གང་ཞིག་ཐོབ་མིན་གྱི་ཐག་ཆོད་ཀྱི་ཡོད། ས་གནས་དེ་གའི་དོན་དངོས་ལ་གཞི་ཚུགས་ཏེ་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་པ་དང་། ཞིང་ལས་འཕྲོད་སར་ཞིང་ལས་དང་ཚོང་ལས་འཕྲོད་སར་ཚོང་ལས་བྱེད་པ། ཁྱད་ལྡན་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། མང་ཚོགས་ལ་ཁྱིམ་དར་ཕྱུག་འགྱུར་གྱི་ཚན་རིག་དང་མཐུན་པའི་ལམ་བུ་འཚོལ་རོགས་བྱེད་པ་བཅས་བྱས་ནས་མཛེས་པའི་འཆར་གཞི་དག་བདེ་སྐྱིད་འཚོ་བ་ངོ་མར་འགྱུར་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཁ་རུབ་ཆུས་ཁ་རུབ་གྲོང་རྡལ་ཁ་རུབ་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོའི་ས་ཚིགས་ཏེ། ཁ་རུབ་ཀྱི་པེ་ཅིང་གྲོང་གསར་ནི་ཆབ་མདོ་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་བསྐྲུན་པའི་འབྱོར་འབྲིང་གྲོང་ཚོ་ཞིག་རེད། ཝུའུ་དབྱིང་ཅེས་གྲོང་ཚོའི་འཕྲོད་བསྟེན་ཁང་དང་གྲོང་ཚོའི་དབུལ་སྒྲོལ་འགག་སྒྲོལ་གཞུང་ལས་ཁང་དུ་ཕེབས་ཏེ་ཐུགས་ཁུར་ཟབ་བཞེས་ངང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་ཞིང་། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བུ་དགའ་ཡིས་རང་འགུལ་ངང་རང་ཉིད་ཀྱི་ས་ཞིང་བློས་བཏང་སྟེ་གྲོང་མིའི་བྱེད་སྒོའི་ཐང་ཆེན་བསྐྲུན་པའི་བྱེད་སྟངས་ལ་ཁས་ལེན་གང་ལེགས་གནང་བ་རེད། ཝུའུ་དབྱིང་ཅེས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་བྱ་ཐབས་ནུས་ལྡན་ཞིག་རེད། དཔེ་མཚོན་རང་བཞིན་གྱི་ཉམས་མྱོང་ཕྱོགས་སྡོམ་དང་ཁྱབ་གདལ་བཏང་སྟེ་གནས་སྤོ་དབུལ་སྒྲོལ་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། གནས་སྤོའི་མང་ཚོགས་ལ་སེམས་ཁུར་གང་མང་བྱས་ཏེ་དེ་བས་ལེགས་པའི་སྒོ་ནས་ཁོང་ཚོ་གནས་དེ་གར་སེམས་གནས་ཐུབ་པ་བྱེད་དགོས་པ། དུད་ཚང་དབུལ་པོ་དང་མང་ཚོགས་དཀྱུས་མའི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་ཤིང་། ངང་རྒྱུད་རིང་ལ་ཞིབ་ཚགས་པའི་སྒོ་ནས་སྲིད་ཇུས་བཟང་པོ་སྒྲོག་འགྲེལ་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཡག་པོ་གཏོང་བ། ཚང་མར་མ་སྒུག་པ་དང་མི་བརྟེན་པ་དང་དཀའ་སྤྱད་ལས་གཏོད་ཀྱི་སློབ་གསོ་དང་ཁྲིད་སྟོན་བྱེད་པ་བཅས་བྱས་ཏེ་གྲོང་ཚོའི་ནང་གི་མང་ཚོགས་ལ་ལས་ཀ་བྱ་རྒྱུ་ཡོད་པ་དང་ཡོང་འབབ་གསག་རྒྱུ་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།

    དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་རྒྱག་འགོ་བཙུགས་ཚུན་ལྗོངས་ཡོངས་ཀྱི་གཞུང་ཁོངས་ཁེ་ལས་དང་དམངས་གཉེར་ཁེ་ལས་མི་ཉུང་བ་ཞིག་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་གཡུལ་སའི་ཐོག་རང་རང་གི་འཇོན་ཐང་ཚང་མ་བཏོན་ནས་འགྲན་རྩོད་བྱས་ཡོད། གཡུ་ལུང་ཟངས་གཏེར་གཞུང་ལས་ཁུལ་དུ་ཝུའུ་དབྱིང་ཅེས་ཐོན་སྐྱེད་འཛུགས་སྐྲུན་དང་། དབུལ་སྒྲོལ་འགག་སྒྲོལ། དེ་བཞིན་དུས་ཐེངས་གཉིས་པའི་འཆར་གཞི་སོགས་སྐོར་གྱི་གནས་ཚུལ་སྙན་སེང་ཞུས་པ་གསན་ཞིང་། ཁོང་གིས་ཀྲུང་དབྱང་ཁེ་ལས་ཀྱིས་བོད་དུ་ཐོན་ཁུངས་གསར་སྤེལ་བྱ་རྒྱུ་དང་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་རྒྱུའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། རྣམ་གྲངས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོང་དང་། དཔལ་འབྱོར་འཕེལ་རྒྱས། མང་ཚོགས་ཀྱི་འཚོ་བ་བཅས་དབར་གྱི་འབྲེལ་བ་སྤྱི་འདོམས་ཡག་པོ་བྱེད་པ། ཁེ་ལས་ཀྱི་འགན་འཁྲི་དང་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་སྒྲུབ་པ། གནད་སྨིན་དབུལ་སྐྱོར་ལ་དམ་པོར་དམིགས་ཏེ་ཤུགས་རྒྱག་པ་བཅས་བྱས་ནས་ས་གནས་དེ་གའི་མང་ཚོགས་དབུལ་པོར་ལས་ཞུགས་ལས་གནས་སྔར་བས་མང་བ་གཏོད་དགོས་པ་དང་ས་གནས་དེ་གའི་ཤེས་ལྡན་པ་སྔར་བས་མང་བ་གསོ་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། ངག་དབང་ཡུལ་ལུག་གསོ་ཚགས་རྟེན་གཞི་ནི་གོ་འཇོ་རྫོང་གི་ཐོན་ལས་དབུལ་སྐྱོར་ལག་བསྟར་གྱི་དཔེ་སྟོན་རང་བཞིན་གྱི་འདུ་འགོད་ཅིག་རེད། ཝུའུ་དབྱིང་ཅེས་དེ་གར་ཕེབས་ཏེ་ཡུལ་ལུག་འཕེལ་ཚུལ་ལ་གཟིགས་པ་དང་རྟེན་གཞིའི་འཁོར་རྒྱུག་གི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་སྦྲགས་ཁོང་གིས་ཞིང་འབྲོག་ལས་ཀྱི་སོན་བཟང་དང་རྒྱུད་བཟང་གསར་སྤེལ་དང་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་དེང་རབས་ཀྱི་ཞིང་འཕྲུལ་ཡོ་བྱད་རྒྱ་ཁྱབ་ངང་སྤྱད་ནས་ཞིང་འབྲོག་ལས་ཐོན་སྐྱེད་ལ་ཚན་རྩལ་གྱིས་ལེགས་སྐྱེས་འབུལ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། སྣེ་འདྲེན་ཁེ་ལས་གསར་གཏོད་བྱས་ཏེ་ཁེ་ལས་དབུལ་སྐྱོར་གྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་གྱིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུའི་སྐུལ་ཁྲིད་རྒྱ་ཁྱབ་ཏུ་བྱེད་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།

    གོ་འཇོ་རྫོང་སྐྱ་འབེལ་ཤང་བསམ་གྲུབ་མར་གྲོང་ཚོ་ནི་ལོ་རྒྱུས་ཐོག་དུས་ཡུན་རིང་པོའི་ནང་དབུལ་ཞིང་ཕོངས་པས་ཉེ་རིང་གང་སར་སྐད་གྲགས་ཆོད་པ་དང་ཕྱི་མི་སླེབས་པར་དཀའ་བའི་ས་མཐའི་ལུང་ཁུག་ཅིག་རེད། ད་ཕན་ལོ་ཤས་རིང་གྲོང་ཚོ་དེས་ས་གནས་དེ་གའི་ཐོན་ཁུངས་ལ་བརྟེན་ཏེ་ཉམས་མྱོང་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། ཤེས་རབ་ཉི་མ་དང་། བསོད་ནམས་བསྟན་འཛིན། ཉི་མ་བཀྲ་ཤིས་སོགས་ལག་ཤེས་རྒྱུན་འཛིན་པ་ཚོས་སྔོན་ལ་ཕྱུག་པོ་ཆགས་མཁན་གྱིས་རྗེས་ལ་ཕྱུག་པོ་ཆགས་རྒྱུར་རོགས་རམ་བྱས་པ་དང་། དུད་ཚང་དབུལ་པོའི་ལས་ཞུགས་ལ་སྐུལ་ཁྲིད་ཧུར་ཐག་བྱས་པ། མང་ཚོགས་ཀྱི་སྣེ་ཁྲིད་དེ་ལས་གཏོད་བྱས་པར་གྲོང་མིའི་བསྔགས་བརྗོད་མགྲིན་གཅིག་ཏུ་ཐོབ་པ་རེད། ཝུའུ་དབྱིང་ཅེས་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་བྱ་ཡུལ་དུ་ཕེབས་ཏེ་ཁམས་ལེགས་མཆོག་ཞིང་འབྲོག་ལས་མཉམ་ལས་ཁང་དང་བསམ་གྲུབ་འགྲོ་ཕན་བོད་སྨན་དང་སྤོས་ལས་སྣོན་བཟོ་གྲྭར་ཕེབས་ཏེ་མང་ཚོགས་ཀྱི་འབབ་འཕར་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་དང་སྦྲགས་ཁོང་གིས་མི་དམངས་མང་ཚོགས་ཁྲོད་བློ་གྲོས་དང་སྟོབས་ཤུགས་མང་པོ་འདུས་ཡོད། དེས་ན་ཁོང་ཚོའི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་གང་ལེགས་བྱས་ཏེ་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་ཏན་ཏིག་གཏོང་དགོས་པ་དང་། ལས་གཏོད་མ་དངུལ་གྱི་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་བྱས་ཏེ་འགྲེམས་ཚོང་བྱ་ཡུལ་དང་དྲིལ་བསྒྲགས་ཞབས་ཞུ་རིན་མེད་ངང་མཁོ་འདོན་བྱས་ནས་གྲོང་ཚོའི་ནང་གི་མང་ཚོགས་ལ་ལས་གཏོད་བྱ་རྒྱུའི་ལྕག་སྐུལ་དང་རྒྱབ་སྐྱོར་བྱེད་དགོས། མང་ཚོགས་ལ་ཐོན་ལས་འཕེལ་རྒྱས་དང་རང་བརྟེན་ལས་གཏོད་བྱེད་རོགས་དང་ཁྲིད་སྟོན་བྱེད་པ་དང་ཆབས་ཅིག་འབྱུང་འགྱུར་ལ་འཕྲད་སྲིད་པའི་གནད་དོན་ལ་སེམས་རྣལ་དུ་ཕབ་ནས་བསམ་གཞིག་བྱེད་པ་དང་། དཀའ་ངལ་ཁྱད་བསད་ཧུར་ཐག་བྱེད་པ། ཕྱིར་ཚོང་རྒྱ་སྐྱེད་དང་ཐོན་ལས་སྟོབས་ཆེར་གཏོང་བ་བཅས་བྱས་ནས་མང་ཚོགས་ལ་འབབ་འཕར་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།

    བརྟག་ཞིབ་གནང་རིང་ཝུའུ་དབྱིང་ཅེ་དང་བཅས་པས་ད་དུང་འབྲུག་པ་ལུང་རིམ་པ་དང་པོའི་ཞིབ་བཤེར་ས་ཚིགས་སུ་ཆེད་མངགས་ཕེབས་ཏེ་དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་མཁན་དྲག་ཆས་ཉེན་རྟོག་དཔོན་དམག་དང་སྤྱི་བདེའི་མི་དམངས་ཉེན་རྟོག་པར་གཟིགས་པ་དང་འཚམས་འདྲི་གནང་བ་དང་སྦྲགས་ཁོང་ཚོས་ཡུན་རིང་ལས་གནས་བརྟན་སྲུང་དང་དཀའ་སྤྱད་ལས་སྒྲུབ་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཡང་ཞུས་པ་རེད། ཁོང་གིས་རྒྱ་ཆེའི་ལས་སྒྲུབ་དཔོན་དམག་ལ་ཏང་དང་མི་དམངས་ལ་ཚད་མཐོའི་འགན་ཁུར་བའི་སྙིང་སྟོབས་ཐོག་ནས་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་དང་བདེ་འཇགས་ཞིབ་བཤེར་ལས་དོན་ཁྲིམས་ལྟར་ནན་ཏན་དང་ཞིབ་ཚགས་ངང་དོན་འཁྱོལ་བྱེད་པ་དང་སྦྲགས་ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་ཐག་གཅོད་ཀྱི་ལས་དོན་ཁག་གྲ་སྒྲིག་གང་ལེགས་བྱས་ཏེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་འབྱུང་རྩ་ནས་སྔོན་འགོག་དང་སེལ་ཐུབ་པའི་འགན་ལེན་ཡང་བྱེད་དགོས། ཚད་ལྡན་ངང་ཁྲིམས་འཛིན་དང་། ཡ་རབས་ངང་ལས་སྒྲུབ། འཛུམ་དམུལ་དམུལ་ངང་ཞབས་འདེགས་ཞུ་བ་བཅས་བྱེད་ཐུབ་པ་བྱེད་དགོས་ཤིང་། དེ་བས་འཇམ་པའི་ངག་དང་དེ་བས་རྣམ་དག་གི་འཛུམ་མདངས་ཐོག་ནས་མང་ཚོགས་ཀྱི་བསམ་ཤེས་དང་རྒྱབ་སྐྱོར་ཐོབ་པར་བྱེད་དགོས་པ་དང་། རང་ལྗོངས་ཀྱི་ལས་བྱེད་ལས་བཟོའི་སྙིང་སྟོབས་མཚོན་པར་བྱེད་དགོས། རང་ལྗོངས་ཀྱི་གཟུགས་བརྙན་བཟང་པོ་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།