[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཆེ་དགྲ་ལྷ།
  • བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ཧྲའན་ཤིས་ཀྱི་སྐུ་ཚབ་ཚོགས་པ་དང་བཞུགས་མོལ་གནང་བ།

    ཆེ་དགྲ་ལྷས་གསུང་བཤད་གནང་བ་དང་ཏིང་ཡེ་ཤན་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-29

    ཉིན་ཤས་གོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཧྲའན་ཤིས་ཞིང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཤིང་ཉིང་གིས་སྣེ་འཁྲིད་གནང་བའི་ཧྲའན་ཤིས་ཀྱི་སྐུ་ཚབ་ཚོགས་པ་དང་ལྷ་སར་བཞུགས་མོལ་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཅང་ཅེ་དང་། ཝང་ཝུའེ་ཏུང་། ཁྲེན་ཡུང་ཆི་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།

    ཆེ་དགྲ་ལྷས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ཏེ་ཧྲའན་ཤིས་ཞིང་ཆེན་གྱིས་ཡུན་རིང་རྒྱབ་སྐྱོར་ཤུགས་ཆེན་དང་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

    ཆེ་དགྲ་ལྷས། དུས་ཡུན་རིང་པོའི་ནང་ཧྲའན་ཤིས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་སྣང་ཆེན་བྱེད་པ་དང་། བོད་ལྗོངས་མི་རིགས་སློབ་ཆེན་གྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ།

    མངའ་རིས་ས་ཁུལ་ལ་རོགས་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་པ་ལས། ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་པོའི་མི་དམངས་ཡུན་རིང་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཁྲོད“ཁྱིམ་ཚང་གཅིག་ལྟར་བརྩེ་བའི”མཛའ་བཤེས་ཟབ་མོ་ཆགས་ཡོད། ཧྲའན་ཤིས་ཞིང་ཆེན་གྱིས་སྔར་རྒྱུན་བཞིན་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ། ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱི་ཁྱབ་ཁོངས་ཆེ་རུ་བཏང་ནས་མངའ་རིས་ས་ཁུལ་གྱི་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པ་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་ཆབས་ཅིག ཁ་གཏད་བོད་སྐྱོར་གོ་སྐབས་སུ་བྱས་ཏེ་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་པོའི་མཉམ་ལས་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐོན་ལས་དང་། རྨང་གཞིའི་སྒྲིག་བཀོད། སློབ་གསོ་སྨན་བཅོས་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ལེགས་ཆ་གསབ་རེས་དང་གཉིས་ཁེ་གཉིས་ཕན་ཡོང་བ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་རྒྱབ་སྐྱོར་དག་རང་ངོས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོར་མཐའ་གཅིག་ཏུ་འགྱུར་བར་བྱས་ནས་རོགས་སྐྱོར་དང་ལེན་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་མ་ཟད། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ནང་སྐྱེས་ཀྱི་འཕེལ་རྒྱས་སྒུལ་ཤུགས་དེ་བས་ལེགས་པའི་ངང་འཕེལ་བར་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་བཅས་ཀྱི་ཐུགས་རེ་གནང་བ་རེད།

    ཝང་ཤིང་ཉིང་གིས། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཁ་གཏད་བོད་སྐྱོར་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ། ད་ཡོད་ཀྱི་ལས་ཀའི་རྨང་གཞིའི་སྟེང་ཁ་གཏད་བོད་སྐྱོར་གྱི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་པོའི་ཁ་གཏད་རོགས་ལས་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་གཏོང་བ་བཅས་བྱས་ནས། བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཆེད་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།