[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཆེ་དགྲ་ལྷ།
  • ཆེ་དགྲ་ལྷས་ལྗོངས་མི་དམངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-24

    ཚེས་21ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས། མཁའ་འགྲུལ་སྤ་སེའི་རིན་གོང་ཐད་ཀྱི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཧའེ་ཀྲོའུ་ཚོགས་འདུར་ཕེབས་ཡོད་པ་རེད།

    ཆེ་དགྲ་ལྷས་བསྟན་དོན། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་སྐྱེལ་འདྲེན་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཡང་། ཁྲོམ་རའི་མཁོ་སྤྲོད་འབྲེལ་བར་འགྱུར་ལྡོག་ཕྱིན་པ་དང་བསྟུན་ནས་ལྗོངས་ནང་ཁུལ་གྱི་མཁའ་ལམ་གྱི་སྤ་སེའི་རིན་གོང་ཅུང་མཐོ་བ་དང་སྤ་སེ་རག་དཀའ་བ་སོགས་ཀྱི་སྣང་ཚུལ་ཐོན་ཡོད་པ་རེད། དེའི་ཐད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་ཞིང་། ཧྲུའུ་ཅི་ཝུའུ་དབྱིང་ཅེས་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་དང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་ཐེངས་མང་འཚོགས་ནས། མི་སེར་གྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། མི་སེར་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མི་སེར་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་དེར་ཞིབ་འཇུག་བྱས་ནས་ཐག་གཅོད་བྱས་པ་རེད།

    རྙོག་དྲ་དང་དཀའ་ངལ་སྲིད་གཞུང་གིས་ཐག་གཅོད་བྱས་ནས་སྟབས་བདེ་དང་ཕན་པ་མང་ཚོགས་ལ་སྤྲོད་རྒྱུ་མཐའ་འཁྱོངས་བྱེད་པར། ལྗོངས་ནང་ཁུལ་གྱི་ཡན་ལག་མཁའ་ལམ་ཁག་ཏུ་དམངས་སྤྱོད་མཁའ་འགྲུལ་གྱི་གཉེར་སྐྱོང་རིན་གོང་གཅོག་རྒྱུ་ནས་འགོ་བརྩམས་ཏེ། སྔོན་ཐོན་གྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། དམངས་སྤྱོད་མཁའ་འགྲུལ་ལས་རིགས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས། མི་རིགས་ཁག་གི་མི་དམངས་ཕྱིར་སྐྱོད་པར་སྟབས་བདེ་བསྐྲུན་དགོས་པ་དང་ཆབས་ཅིག ཞབས་ཞུའི་སྤུས་ཚད་ལེགས་སུ་བཏང་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཟབ་ཏུ་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས། སྒྱུར་བཅོས་བརྒྱུད་རང་ལྗོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་ལས་རིགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བ་དང་། དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་གྱི་ཆུ་ཚད་མཐོ་རུ་བཏང་ནས། བདེ་འཇགས་དང་། མྱུར་བ། སྟབས་བདེ་བཅས་ཀྱི་མཁའ་འགྲུལ་སྐྱེལ་འདྲེན་དྲ་རྒྱ་ཞིག་ཆགས་པར་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་སྒྱུར་བཅོས་ཀྱི་མཉམ་ཤུགས་ཆགས་པར་བྱས་ཐོག་ཏན་ཏན་ཏིག་ཏིག་གི་ལས་ཀའི་གྲུབ་འབྲས་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་མོ་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་སུ་དངོས་འབྲེལ་ཚོར་བར་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།