[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཆེ་དགྲ་ལྷ།
  • ཆེ་དགྲ་ལྷས་བོད་ལྗོངས་ཀྱི་ཚན་ཞིབ་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-23

     ཚེས་21ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལྗོངས་ཚན་རྩལ་ཐིང་དང་ཞིང་ལས་ཚན་རིག་ཁང་དུ་བརྟག་ཞིབ་གནང་བར་ཕེབས་པ་མ་ཟད། ཚན་རྩལ་ལས་དོན་པ་དང་བཞུགས་མོལ་ཡང་གནང་སྟེ་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་བཅས་ཀྱི་ཚབ་ཞུས་ནས་ཡུན་རིང་ཚན་ཞིབ་ཀྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་ཚན་རྩལ་ལས་དོན་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་དང་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད། 

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་བརྟག་ཞིབ་ལ་ལྷན་དུ་ཕེབས་ཡོད་པ་རེད། 

    ཆེ་དགྲ་ལྷ་དང་བཅས་པས་སྔ་རྗེས་སུ་རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་དང་། ཚན་རྩལ་ཆ་འཕྲིན་ཞིབ་འཇུག་སུའོ། ལྷ་སའི་རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་གི་ཞིང་ཞོར་ཐོན་རྫས་ལས་སྣོན་དང་བཟའ་བཅའ་ཚན་རིག་ཞིབ་འཇུག་སུའོ། བོད་ལྗོངས་ས་བོན་ཐོན་ཁུངས་མཛོད། ཆུ་ཐོན་ཚན་རིག་ཞིབ་འཇུག་སུའོ་ཡི་ཆུའི་ཐོན་ཟོག་གསོ་ཚགས་རྟེན་གཞི། ཚ་ཁུལ་གྱི་སྐྱེ་དངོས་སྣ་ཁ་ནང་འདྲེན་དང་ནུས་ཆེའི་འདེབས་གསོའི་ལག་རྩལ་ཞིབ་འཇུག་དཔེ་སྟོན་ཁུལ་བཅས་སུ་ཕེབས་ཏེ་ཚན་ཞིབ་མི་སྣ་དང་གླེང་མོལ་སྤེལ་རེས་གནང་ནས་རང་ལྗོངས་ཀྱི་ཚན་རྩལ་ནུས་པ་འཛུགས་སྐྱོང་དང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ལས་ཀའི་བསམ་ཕྱོགས་དང་བྱེད་ཐབས་ཐད་ཐུན་མོང་ཐོག་གྲོས་བསྡུར་གནང་བ་རེད། 

    ཁོང་གིས། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་རྨང་གཞིའི་ཚན་ཞིབ་ལས་དོན་ཏན་ཏིག་དང་། ཞིབ་སྤེལ་གྲུབ་འབྲས་གཞན་སྒྱུར་ལ་ཕན་འབྲས་ཐོན་པ། ཚན་རྩལ་གསར་གཏོད་ནུས་པ་འཛུགས་སྐྱོང་གི་སྤུས་ཚད་སྔར་བས་ལེགས་སུ་སོང་བ་བཅས་རྒྱ་ཆེའི་ཚན་རྩལ་ལས་དོན་པའི་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ལ་མི་རྣམས་ཀྱིས་དགའ་མགུ་ཡི་རང་བྱེད་དགོས་པ་ཞིག་ཡོད། ཚང་མས་མུ་མཐུད་ཏན་ཏན་ཏིག་ཏིག་གིས་ཞིབ་འཇུག་ལ་ཤུགས་སྣོན་དང་། ལུས་ཚུགས་ཐུབ་པ་དང་གཞི་རིམ་དུ་བསྐྱོད་དེ་ཞིང་ནང་དང་མུ་ཁར“དཔྱད་རྩོམ”འབྲི་བ་དང་། “གྲུབ་འབྲས”དེ་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ཐད་མངོན་པའི་རེ་བ་ཡོད་ཅེས་གསུངས་པ་རེད། 

    ཚན་རྩལ་ལས་དོན་པ་དང་བཞུགས་མོལ་གནང་སྐབས། ཆེ་དགྲ་ལྷས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔར་ནས་བཟུང་ཚན་རྩལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་ལེན་བརྟན་པོ་བསྟར་བ་དང་ལྗོངས་ཡོངས་ཀྱི་ཚན་རྩལ་བྱ་གཞག་གོང་འཕེལ་མྱུར་པོ་འགྲོ་བར་སྐུལ་འདེད་ཧུར་ཐག་བཏང་ཡོད། གོམ་སྟབས་རྗེས་མའི་ལས་དོན་ཁྲོད། ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་དམིགས་ནས་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དེ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་དང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། རྒྱ་ཆེའི་ཚན་རྩལ་ལས་དོན་པར་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། ཐོག་མའི་བསམ་འདུན་བསྲུངས་ནས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”མུ་མཐུད་དར་སྤེལ་གཏོང་བ། ལས་བཀུར་ལེགས་སྐྱེས་འབུལ་བ་དང་མུ་མཐུད་འབད་བརྩོན་བཅས་ཀྱི་ལྕག་སྐུལ་ཁྲིད་སྟོན་བྱེད་དགོས། སྤུས་རྟགས་འཛུགས་སྐྱོང་ལ་དམིགས་ནས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ཚན་ཞིབ་བྱེད་སྒོ་ཁག་ལ་ཧུར་ཐག་ཞུགས་ཏེ་སྔོན་ཐོན་གྱི་ཉམས་མྱོང་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། ཚན་རྩལ་འདེགས་སྐྱོར་དུ་བྱེད་པ། རང་བྱུང་དང་མི་ཆོས་རིག་གནས་སོགས་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། རང་ལྗོངས་ཀྱི་དཔལ་འབྱོར་གྱི་གསར་གཏོད་ནུས་པ་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་བོད་ཀྱི་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་རམ་འདེགས་བྱེད་དགོས། ཚན་རྩལ་གྲུབ་འབྲས་འབྲེལ་མཐུད་དང་གཞན་སྒྱུར་བཀོལ་སྤྱོད་ལ་དམིགས་པ་དང་ས་མཐོའི་སྐྱེ་དངོས་ཐོན་ལས་སོགས་ལ་གཞིགས་ཏེ་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་དེང་རབས་ཚན་རྩལ་ལག་རྩལ་ཟུང་འབྲེལ་ཏན་ཏིག་བྱེད་པ་དང་། ནས་དང་འབྲི་གཡག་སོགས་ཁྱབ་ཁོངས་ཀྱི་ལག་རྩལ་འགག་སྒྲོལ་དང་གསར་གཏོད་ལ་མཐོང་ཆེན་བྱེད་པ། ཐོན་སློབ་ཞིབ་གསུམ་ཟུང་འབྲེལ་ལ་བརྟེན་ནས་ཚན་རིག་ཞིབ་འཇུག་ཁང་ཁེ་ལས་དང་ཁྲོམ་ར་དང་འབྲེལ་མཐུད་ནུས་ལྡན་བྱས་ཏེ་ཚན་རྩལ་གྲུབ་འབྲས་ཁྱབ་གདལ་མྱུར་པོ་གཏོང་བ་དང་། ཐོན་ལས་འཁོར་འབྲེལ་ཟམ་མི་ཆད་པར་སྣུར་སྲིང་བྱེད་པ། ཟུར་སྣོན་རིན་ཐང་ཆེ་རུ་གཏོང་བ། ཞིང་འབྲོག་པར་རྒྱུན་མཐུད་འབབ་འཕར་ཡོང་བར་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱས་ཏེ། ཐོན་ལས་ཅན་དང་། གཞི་ཁྱོན་ཅན། ཚད་ལྡན་ཅན་བཅས་ཀྱི་གོང་འཕེལ་ཆུ་ཚད་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།